རྗེའི་རྣམ་ཐར་ཆེན་མོ་ལས་བསྟན་འཛིན་གྱི་སྐྱེས་བུ་ཇི་ལྟ་བུ་འབྱུང་བ་མདོ་ཙམ་བཤད་པའི་སྐབས་དང་བོ།་

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-23 11:44:47     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ཐུགས་རྗེའི་འོད་ཟེར་སོགས་ཤོ་ལོ་ཀ་གཅིག་ནི། རྗེའི་ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པ་དང་། དད་ལྡན་མང་པོ་འདུས་ནས་བསོད་ནམས་གསོག་པའི་དོན་ནོ། །དེ་ལ་མཐུ་ཡོད་སོགས་ཤོ་ལོ་ཀ་གཅིག་ནི། རྗེའི་བསྟན་པ་ལ་ཞུགས་པའི་མཁས་པ་རྣམས་ཀྱིས་ཆོས་ལ་འབད་ནས་བྱང་ཆུབ་འཐོབ་པ་དང་། འགྲོ་བ་རྣམས་འདྲེན་པའི་དོན་ནོ། །དེ་ནི་རྡོ་རྗེ་གདན་དང་མཚུངས། ཞེས་པ་ནི་སྟོན་པས་བདུད་བཅོམ་པ་དང་མཚུངས་པར་རྗེས་བདུད་བཅོམ་པའི་གནས་ནི་རྡོ་རྗེ་གདན་གཉིས་པ་ཡིན་ཞིང་། རྗེ་ཉིད་རྒྱལ་བ་གཉིས་པ་སངས་རྒྱས་ཡིན་པའི་དོན་ནོ། །ལྷ་དང་ཀླུ་སོགས་ནི་སེམས་ཅན་ཐམས་ཅད་ཀྱི་མཆོད་གནས་སུ་འགྱུར་བའི་དོན་ནོ། །གང་ནས་བལྟས་ཀྱང་ལྷང་ངེར་གསལ། ཞེས་པ་ནི་རྗེའི་མཚན་དང་དགའ་ལྡན་དང་སེ་འབྲས་སོགས་གྲགས་ཆེ་བ་འདིའོ། །

        བདག་གི་སྤྲུལ་པ་དམ་པ་གཅིག །ཅེས་སོགས་རྐང་པ་བཅུས་སྤྲུལ་པ་དུ་མས་འགྲོ་བའི་དོན་མཛད་པ་དང་། བསྟན་གནས་པར་དུ་ཞེས་པས་བསྟན་པ་ལོ་སྟོང་དུ་གནས་པ་དང་། འབྲོམ་སྟོན་གྱིས་བདག་གི་སྤྲུལ་པ་ཞེས་པས་རྗེ་རིན་པོ་ཆེ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པར་བསྟན་ནོ། །དེ་ནི་རྒྱུད་པ་ཉིད་དང་མཚུངས། །ཞེས་སོགས་རྐང་པ་ལྔ་ནི་རྗེའི་སློབ་མ་རྣམས་རྗེ་ཉིད་དང་མཚུངས་པར་མཁས་བཙུན་བཟང་པོར་འགྱུར་བ་དང་། རྣམ་གཡེང་སྤངས་ཏེ་ལམ་རིམ་བསྒོམ་པ་པོ་བརྒྱ་སྟོང་དུ་འབྱུང་བའི་དོན་ནོ། །དེ་ལའང་ཅུང་ཟད་ལྟ་བས་གནོད། །ཅེས་སོགས་རྐང་པ་དྲུག་ནི་བར་བར་དུ་ལས་སྨོན་ལོག་པ་དག་གི་ལྟ་སྤྱོད་ཀྱིས་གནོད་པ་སོགས་བྱུང་ཡང་། རྗེའི་བྱིན་རླབས་ཀྱིས་ཞི་ཞིང་གཙང་བར་འགྱུར་བའི་དོན་ནོ། །

        རྗེའི་རྣམ་ཐར་རས་བྲིས་སུ་བཀོད་པའི་ངོ་སྤྲོད་རྣམ་བཤད་རྗེ་ནམ་མཁའ་འོད་ཟེར་གྱིས་མཛད་པ་ལས། འདོད་ཡོན་བདུད་ཀྱི་གཡབ་མོ་འབྱུང་། །ཞེས་པ། ལྷའི་བུའི་བདུད་ནི་འདོད་ཡོན་གྱི་ལོངས་སྤྱོད་དང་སྙན་གྲགས་སོགས་ཡིན་པས་དེ་འབྱུང་བར་ལུང་བསྟན་པ་བཞིན། ལོངས་སྤྱོད་ཆེན་པོ་བྱུང་བས་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ལ་གནོད་དོགས་ནས། དེའི་སྐྱོན་དགག་པའི་ཕྱིར་ཡངས་པ་ཅན་གྱི་མདུན་ངོས་སུ་མཆོད་རྟེན་ཆུང་ངུ་ཞིག་མཛད་པ་ཡིན་ནོ་ཞེས་གླེང་ངོ་། །ཞེས་གསུངས་སོ། །མདོར་ན་གནས་མཆོག་དེ་དག་ཏུ། །ཞེས་སོགས་རྐང་པ་ལྔ་ནི་རྗེའི་སློབ་མ་བསླབ་པ་གསུམ་ལྡན་གྱི་བྱང་སེམས་ཉིས་སྟོང་ལྔ་བརྒྱ་འབྱུང་བའི་དོན་ནོ། །གནས་དེར་ཞེས་སོགས་རྐང་པ་དྲུག་ནི་སེ་འབྲས་དགེ་གསུམ་སོགས་ལ་དགེ་འདུན་མང་པོ་འདུ་བ་དང་། བསྟན་འགྲོའི་དོན་མཛད་པ་སོགས་རྒྱ་མཚོ་ཆེན་པོ་དང་འདྲ་པར་བྲི་གང་མེད་པར་གནས་པའི་དོན་ནོ། །

        དེ་ལྟར་རྗེ་རིན་པོ་ཆེའི་གསུང་གི་བདུད་རྩི་མྱངས་པ། བསླབ་པ་གསུམ་དང་ལྡན་པའི་མཁས་གྲུབ། མདོ་སྔགས་ཀྱི་ཆོས་ཕྱོགས་བཅུར་རྒྱས་པར་བྱེད་ནུས་པའི་སྐྱེས་བུ་དམ་པ་དཔག་ཏུ་མེད་ཅིང་། ལྷ་ཀླུ་སོགས་མི་མཐོང་བའི་གནས་རྣམས་སུ་ཡང་རྗེའི་བསྟན་པ་དར་ཞིང་བཞུགས་པ་ནི་གོང་གི་ལུང་བསྟན་ལས་ཕྱོགས་བཅུར་ཞེས་གསུངས་པས་གོ་ནུས་སོ། །དེར་མ་ཟད་འཛམ་གླིང་འདིར་ཡང་ནུབ་ཕྱོགས་རྒྱ་གར་གྱི་ཡུལ་ནས་ཤར་ཕྱོགས་རྒྱ་མཚོའི་འགྲམ་གྱི་བར་དུ་དགེ་ལུགས་ཀྱི་དགོན་སྡེ་ཇི་སྙེད་ཡོད་པ་དང་། དགེ་འདུན་ཇི་སྙེད་ཡོད་པ་ནི་ཀུན་གྱིས་ཤེས་པ་ལྟར་ཡིན་པས། དེ་དག་གི་གྲངས་དང་ཡོན་ཏན་གྱི་ཚད་ནི་བཤད་པར་ག་ལ་ནུས། 

                                                                   རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།