རྗེའི་རྣམ་ཐར་ཆེན་མོ་ལས་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་གྱི་སྐོར་དང་བོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-23 11:24:06     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ལྟར་འདིར་བགྲངས་པ་རྣམས་བསྡོམས་ན། བསྟོད་པ་སོགས་ཀྱི་སྐོར་ལ་དོན་གཉིས། བསླབ་ཚིག་སོགས་ལ་ང་གཉིས། ཕར་ཕྱིན་ལ་བརྒྱད། དབུ་མ་ལ་བཅུ་གཉིས། འདུལ་བ་ལ་བརྒྱད། ཚད་མ་ལ་བཞི། ལམ་རིམ་ལ་བཅུ་གཉིས་ཏེ། འདི་ཡན་ནི་གཙོ་བོར་མདོ་ཕྱོགས་སོ། །ཡོ་ག་སོགས་ལ་ཉི་ཤུ། གསང་འདུས་ལ་ཞེ་གསུམ། བདེ་མཆོག་སོགས་ལ་སུམ་ཅུ། འཇིགས་བྱེད་སོགས་ལ་བཅུ་དགུ། དུས་འཁོར་ལ་ཉེར་གཅིག སྔགས་སྤྱི་ལ་གསུམ་སྟེ། འདི་དག་ནི་སྔགས་ཀྱི་ཕྱོགས་སོ། །འདི་ཀུན་བསྡོམས་ན་ཆོས་ཚན་སུམ་བརྒྱ་བཅུ་གསུམ་ཡིན་ལ། དེའི་སྟེང་དུ་འཇམ་དབྱངས་ཆོས་སྐོར་ལ་སོ་བཞི་ཡོད་དོ། །

        ཡང་བསྟན་འགྲོའི་དོན་དུ་རྗེ་རིན་པོ་ཆེའི་དུས་ནས་བརྩམས་ཏེ་བཞེངས་པའི་རྟེན་ཁྱད་པར་ཅན་དགའ་ལྡན་དུ་བཞུགས་པ་ན། དངུལ་གདུང་མཐོང་བ་དོན་ལྡན་ཞེས་གྲགས་པ་འདིའི་གཙུག་ལག་ཁང་འདི་རྒྱལ་ཚབ་འདུལ་འཛིན་གཉིས་ཀྱིས་ལེགས་པར་བཞེངས། ཙན་དན་གུར་དང་ནང་གི་ཡོལ་བ་དང་སྟེང་གི་བླ་བྲེ་གན་གོས་མངགས་བཏགས་འདི་དང་། འཕགས་པའི་གནས་བརྟན་བཅུ་དྲུག དགེ་བསྙེན། རྒྱལ་ཆེན་བཞི། གསང་འདུས་མི་བསྐྱོད་པ་དང་བཅས་པའི་སེའུ་ཐང་སྐུ་ངོ་མཚར་ཅན་འདི་རྣམས་སེ་ར་བྱམས་ཆེན་ཆོས་རྗེའི་སློབ་མ་ཨ་མོ་གྷ་དང་། བསོད་ནམས་ཤེས་རབ་གཉིས་ཀྱིས་ཏཱ་མིང་རྒྱལ་པོའི་སྐུ་ཚ་ཞུའན་ཏི་རྒྱལ་པོའི་བླ་མར་གྱུར་པའི་དུས་སུ་ཕྱག་ཏུ་བྱུང་བ་འདིར་ཕུལ་བ་ཡིན་ལ། ཡོལ་བ་དང་བླ་བྲེའི་གོས་ཁ་དུ་བ་མི་ཆགས་པ། མར་དང་ཆུ་མི་འགོ་བ། བླ་བྲེལ་སྔགས་ཀྱི་ཡི་གེ་ཐགས་སུ་བཏགས་པའོ། །

        ཙན་དན་གྱི་གུར་འདིའི་མཐོ་ཚད་ནི་ཐོག་གཉིས་ཙམ་དང་། རྒྱར་ནི་ཀ་བ་བརྒྱད་ཀྱིས་ས་ཁྱོན་ཡོད་པའོ། །འདིའི་ནང་དུ་བཞུགས་པའི་དངུལ་གྱི་རྣམ་རྒྱལ་མཆོད་རྟེན་ནི་རྗེ་རིན་པོ་ཆེའི་སྐུ་གདུང་མ་ཉམས་པར་བཞུགས་སུ་གསོལ་ནས། རྟེན་བྱིན་རླབས་ཅན་མང་པོས་གཏམས་པར་མཛད་པ། ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བ། སྙིང་ནས་དད་པས་གསོལ་བ་བཏབ་ན་འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གི་སྡུག་བསྔལ་མཐའ་དག་ལས་སྐྱོབ་པ། བྱིན་རླབས་ཤིན་ཏུ་ཆེ་བ་སྟེ། དགའ་ལྡན་གྱི་རྟེན་གྱི་གཙོ་བོ་ནི་འདི་ཡིན་ནོ། །སྔོན་ཨོའི་རོད་ཀྱི་དམག་བོད་དུ་སོང་བའི་དུས་སུ་དཔོན་ཞིག་གིས་དབང་ཆེན་གྱིས་ཞལ་ཕྱེ་ནས་བལྟས་པས། རྗེའི་སྐུ་ཅུང་ཟད་ཀྱང་མ་ཉམས་པར་བཞུགས་ནས་འདུག་ཟེར་རོ། །

        ཕྱིས་ཁྲི་ཐོག་ལྔ་བཅུ་པ་དགེ་འདུན་ཕུན་ཚོགས་ཀྱིས་དངུལ་གདུང་རང་གི་ཕྱི་ནས་གསེར་ལྗང་བརྡུངས་ཀྱིས་གཏུམས་ནས་གསེར་གདུང་དུ་བསྒྱུར་བ་ཡིན་ནོ། །བསྐལ་པ་འཇིག་པའི་ཚེ་མཆོད་རྟེན་འདི་ནི་ལྷའི་གནས་སུ་བྱོན་ཏེ་ལྷ་རྣམས་ཀྱི་རྟེན་དུ་འགྱུར་བར་གསུངས། འདིའི་གཡས་ཀྱི་རྣམ་རྒྱལ་མཆོད་རྟེན་ནི། རྗེའི་སྲས་ཀྱི་ཐུ་བོ་ཁྲི་ཐོག་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་གདན་ས་ལོ་བཅུ་གསུམ་མཛད་ནས། རང་ལོ་རེ་དགུ་པ་ཆུ་བྱི་ལ་གཤེགས་པ་དེའི་གདུང་བཞུགས་པ་ཡིན། རྗེའི་གསེར་གདུང་གི་གཡོན་གྱི་རྣམ་རྒྱལ་མཆོད་རྟེན་ནི། རྗེའི་ཐུགས་སྲས་དམ་པ་ཁྲི་ཐོག་གསུམ་པ་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་པོས་གདན་ས་ལོ་བརྒྱད་མཛད་ནས། དགུང་ལོ་ང་བཞི་པ་ས་རྟ་ལོར་གཤེགས་པ་དེའི་གདུང་བཞུགས་པ་ཡིན།

        གཡས་ངོས་སུ་རྒྱལ་ཚབ་རྗེའི་གདུང་རྟེན་ནས་མར་ལ་རིམ་བཞིན། ཁྲི་ཐོག་བཞི་པ་ཞ་ལུ་པ་ལེགས་པ་རྒྱལ་མཚན། ལྔ་པ་བློ་གྲོས་ཆོས་སྐྱོང་། དྲུག་པ་བ་སོ་རྗེ་དྲུང་ཆོས་ཀྱི་རྒྱལ་མཚན། བརྒྱད་པ་སྨོན་ལམ་དཔལ་ལེགས་པའི་བློ་གྲོས་རྣམས་ཀྱི་གདུང་རྟེན་བཞུགས། གཡོན་ངོས་སུ་ཁྲི་ཐོག་བདུན་པ་བློ་གྲོས་བརྟན་པ། ཧོར་སྟོན་ནམ་མཁའ་དཔལ། སྟག་ཕུ་ཆོས་གྲགས་བཟང་པོ་རྣམས་ཀྱི་གདུང་རྟེན་བཞུགས་སོ། །རྗེའི་གསེར་གདུང་གི་མདུན་དུ་རྗེ་ཡབ་སྲས་གསུམ་གྱི་སྨན་སྐུ་བྱིན་ཆེན་དང་། བདེ་མཆོག་ལྷ་རེ་གཉིས་འཕྲུལ་འཁོར་གྱིས་འདབ་མ་འབྱེད་འཛུམ་བྱེད་པའི་པདྨའི་སྟེང་དུ་བཞུགས་པ་ངོ་མཚར་ཅན་གཉིས། རྗེའི་ཐུགས་དམ་རྟེན་འཇམ་དབྱངས་དང་འཇིགས་བྱེད། རྗེའི་གསོལ་ལྷུང་དང་ཞལ་དཀར་རྣམས་བཞུགས། ཙན་དན་གུར་གྱི་སྒོའི་གཡས་སུ། རྗེ་སངས་རྒྱས་རིན་ཆེན། གཡོན་དུ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གཉིས་ཀྱི་མཆོད་རྟེན་བཞུགས། རྒྱལ་ཚབ་རྗེ་ནས་ལེགས་པའི་བློ་གྲོས་བར་གྱི་གདན་ས་བདུན་ལ་འཇམ་དབྱངས་གཙང་པ་བདུན་བརྒྱུད་ཅེས་གྲགས་ཤིང་། ཡོན་ཏན་ཕུན་སུམ་ཚོགས་པའི་སྐྱེས་བུ་དམ་པ་རྣམས་ཡིན་ནོ། །

                                                                                                              རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།