རྗེའི་རྣམ་ཐར་ཆེན་མོ་ལས་ཚབ་རིན་པོ་ཆེ་རྒྱལ་ཚབ་ཏུ་བཞུགས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-21 20:07:21     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

 4175448ctad53fb6957f6&690.gif

        དེ་ནས་དུས་དེ་ཉིད་དུ་དགེ་འདུན་བརྒྱ་ཕྲག་དུ་མས་ཞག་ཞེ་དགུའི་བར་དུ། ཕྱི་ནང་གི་དཀྱིལ་འཁོར་ཆེན་པོ་དག་ཞལ་ཕྱེ་ནས། བླ་མ་དང་རྡོ་རྗེ་འཆང་ཐ་མི་དད་པ་ལ་ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་པོས་མཉེས་པར་བྱས་ཤིང་། བདག་ཉིད་འཇུག་ཅིག་དབང་བླང་བ་ལ་སོགས་པས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པར་བགྱིས་ཏེ་ཐུགས་ཀྱི་དགོངས་པ་རྫོགས་པ་དང་། བདག་ཅག་ཐམས་ཅད་ལ་ནམ་དུ་ཡང་བླ་མ་མཆོག་གི་ཡེ་ཤེས་གཟིགས་པ་འབྲལ་བ་མེད་པར་གྱུར་ཅིག་ཅེས་ཡིད་ལ་བརྣག་པ་ལྷུར་བྱེད་པའི་སྨོན་ལམ་གྱི་རྟེན་རྒྱ་ཆེར་བསྒྲུབས་ལ། དེ་བཞིན་དུ་དབུས་གཙང་གི་དགེ་འདུན་གྱི་སྡེ་ཆེན་པོ་དུ་མར་ཡང་མང་ཇ་དང་འབུལ་སྣོད་ཕུན་སུམ་ཚོགས་པ་རྒྱ་ཆེར་བསྒྲུབས་ཤིང་། དེ་ཡང་ཕྱིས་ཀྱི་རབ་ཏུ་བྱུང་བ་དག་ལ། མཁན་པོ་དང་། སློབ་དཔོན་དང་། བླ་མ་དག་འདས་པ་ན། ཐོས་བསམ་སྒོམ་པ་དང་ཆོས་འཆད་པ་ལ་སོགས་པ་དགེ་བའི་སྦྱོར་བ་དག་རྒྱུན་བཅད་དེ། སྐྲ་ཚད་ལས་ལྷག་པ་འཇོག་པ་དང་། གོས་བསྒྱུར་བ་དང་། གཙུག་ལག་ཁང་གི་བ་དན་སྡུད་པ་ལ་སོགས་པ། གྲོང་པའི་ཆོས་ལུགས་དག་ཡོངས་སུ་གྲགས་མོད་ཀྱི། བདག་ཅག་རྣམས་ཀྱིས་ནི་རྗེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་དང་མཐུན་པར། གྲོང་པའི་ཆོས་ལུགས་དེ་དག་རིང་དུ་སྤངས་ཏེ། འདུ་བྱེད་ཐམས་ཅད་ཀྱི་མཚན་ཉིད་ནི་འདི་འདྲའོ་སྙམ་དུ་སྐྱོ་བར་འགྱུར་བའི་མཚན་མ་ཡིད་ལ་བྱེད་པས་སླར་ཡང་འཁོར་ལོ་གཉིས་ཀྱི་བྱ་བ་ལ་ཆེས་ཆེར་བརྩོན་པར་བགྱིས་ནས་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་བྱ་བ་རྒྱུན་མི་ཆད་པར་བསྒྲུབ་པ་ལ་ཞུགས་པར་གྱུར་ཏོ། །ཞེས་གསུངས་སོ། །

        དེ་ནས་རྗེ་བླ་མའི་འདས་མཆོད་ཆེན་པོ་དང་། དཀྱིལ་འཁོར་སྒྲུབ་མཆོད་རྣམས་རྫོགས་མ་ཐག་ཏུ། རྗེ་རིན་པོ་ཆེའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ནམ་ཡང་རྒྱུན་མི་ཆད་པར་དར་ཞིང་རྒྱས་པའི་བདག་རྐྱེན་དུ་འགྱུར་བའི་སླད་དུ། སློབ་དཔོན་རིན་པོ་ཆེ་དར་མ་རིན་ཆེན་པའི་ཞལ་སྔ་ནས་ལ། འདུལ་འཛིན་གྲགས་པ་རྒྱལ་མཚན་པའི་ཞལ་སྔ་ནས་ཀྱིས་ཐོག་མ་མཛད་པའི་གནས་བརྟན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དག་གིས་མགྲིན་གཅིག་ཏུ་གསོལ་བ་བཏབ་སྟེ། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་གདན་ས་ཆོས་ཀྱི་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་སུ་གསོལ་ནས། མཁས་གྲུབ་རྗེས་དཔལ་ལྡན་ཡོན་ཚོགས་མ་ཞེས་པའི་བསྟོད་པ་མཛད་དེ་ཚོགས་སུ་འདོན་དུ་བཅུག་པ་དང་།

        རྗེ་དགེ་འདུན་གྲུབ་ཀྱིས་སྙན་དངགས་ཀུན་བཟང་འཁོར་ལོའི་སྒོ་ནས་བསྟོད་པ་སོགས་རྟེན་འབྲེལ་ཁྱད་པར་ཅན་བར་བསྒྲིགས་པའི་སྒོ་ནས་དམ་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་བདག་པོར་མངའ་གསོལ་བར་མཛད་དོ། །རྗེ་རྒྱལ་ཚབ་པས་གཙོ་མཛད་འདུས་ཚོགས་ཀུན་གྱིས་རྗེ་རིན་པོ་ཆེའི་ཐུགས་རྗེ་བསྐུལ་ཏེ་གསོལ་བ་བཏབ་ནས། བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་འདི་ཉིད་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པའི་སྨོན་ལམ་དང་ཤིས་བརྗོད་སོགས་རྒྱས་པར་མཛད་དོ། །དེ་ནས་རྒྱལ་ཚབ་རིན་པོ་ཆེས་རྗེ་ཐམས་ཅད་མཁྱེན་པའི་གཟིམས་ཁང་དུ་ཕྱག་ཕེབས་ཏེ། རྗེའི་རྗེས་འཇུག་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་བརྟན་པར་བཞུགས་སོ། ། 

                                                                    རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།