རྗེའི་རྣམ་ཐར་ཆེན་མོ་ལས་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་སྐབས་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-21 19:59:49     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        འོ་ན་དགའ་ལྡན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྙིང་པོ་ཞེས་བྱ་བར་འགྱུར་བ་ཉིད་དུ་ལུང་བསྟན་ཅིང་ཞལ་གྱིས་བཞེས་པ་མ་ཡིན་ནམ་ཞེ་ན། དེ་ནི་འཕགས་པ་ཀླུ་སྒྲུབ་ས་དང་པོ་ཐོབ་སྟེ་བདེ་བ་ཅན་དུ་གཤེགས་པར་གསུངས་པ་དང་། ཡང་སྐུ་ཚེ་དེ་ཉིད་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་མཛད་པར་གསུངས་པའི་ཚུལ་གཉིས་ཀ་འགལ་བ་མེད་པ་དང་འདྲ་སྟེ། སྤྲུལ་པའི་སྐུའི་སྟོན་ཚུལ་གྱི་དབང་དུ་བྱས་པའོ། །དེ་ལྟར་ཆོས་ཀྱི་སྐུ་ལ་མཉམ་པར་བཞག་པའི་རིང་ལ། སྐུའི་ཞལ་གྱི་དཀྱིལ་འཁོར་གྱི་ཐད་དྲང་ཤིན་ཏུ་ཉེ་བར། འཇའ་ཚོན་ཁ་དོག་སྣ་ལྔ་པ་ཤིན་ཏུ་དྭངས་ཤིང་འོད་འཚེར་བ་རྣམ་པར་བཀྲ་བ་སྒྱུ་མའི་སྐུ་ཉིད་ཉེ་བར་མཚོན་པའི་སླད་དུ་ཆེད་དུ་སྤྲུལ་པ་བཞིན་གཡོ་བ་མེད་པ་ཞིག་ཡུན་རིང་བོའི་བར་དུ་ཀ་བ་བཙུགས་པ་བཞིན་གནས་པར་གྱུར་ཏོ། །

        དུས་དེ་དག་གི་ཚེ་ནམ་མཁའ་ནི་ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་མཛད་པའི་ཚུལ་ནི་འདི་འདྲའོ་ཞེས་འཇིག་རྟེན་ཐམས་ཅད་ལ་གོ་བར་བྱེད་པ་བཞིན་དུ་ཤིན་ཏུ་གཡའ་དག་པར་གྱུར་ཏེ། ཆེས་དྭངས་ཤིང་ཐ་མལ་གྱི་སྤྲིན་དང་རྡུལ་ལ་སོགས་པ་ཐམས་ཅད་དང་བྲལ་ཞིང་། ས་གཞི་རླུང་གི་རྒྱུ་བ་ཐམས་ཅད་དང་བྲལ་ནས། སེར་བུ་ཕྲ་མོའི་འགྲོ་འོང་ཡང་རྒྱུན་ཆད་པ་ཞག་བཞི་བཅུ་རྩ་དགུ་ཙམ་གྱི་བར་དུ་བྱུང་ལ། དེའི་ཚེ་དགོན་པའི་གླིང་གསེབ་ནས་གཟིམས་ཁང་གི་ཕྱོགས་སུ་རང་རང་གི་བྲང་ཁང་སྟེང་གི་ལ་བར་ཁ་རྣམས་སུ་མཚན་མོ་མར་མེའི་ཕྲེང་བ་མཐའ་ཡས་པ་ཕུལ་བ་རྣམས་དང་། གཟིམས་ཁང་གི་སྒོ་དྲུང་དང་ཕྱི་རོལ་གྱི་ཆོས་གྲྭའི་ཞལ་དཀར་ཐད་སོ་རྣམས་སུ་མར་མེའི་ཕྲེང་བ་ཚར་དུ་དངར་བ་ཐམས་ཅད་ཀྱང་མཚན་དང་གང་ལ་མེ་ལྕེའི་རྩེ་མོ་ཅུང་ཟད་རླུང་གིས་གཡོ་བ་ཙམ་ཡང་མེད་པར་གྱུར་ཏོ། །

        གཞན་ཡང་ལྷ་རྣམས་ཀྱིས་མངོན་པར་མཆོད་པ་དང་། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་མངོན་པར་བསྒྲགས་པའི་རོལ་མོའི་བྱེ་དྲག་བསམ་གྱིས་མི་ཁྱབ་པ་མཚན་གུང་ལ་གྲག་པ་དང་། ཉིན་མོ་ཡང་སྔོན་ཚོར་མ་མྱོང་བའི་སྒྲའི་བྱེ་བྲག་དུ་མ་འགའ་ཞིག་གི་རྣ་ལམ་ན་གྲག་པ་ལ་སོགས་པ་དང་། ལྷ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་གི་ཚོགས་ནི་ཕལ་ཆེ་བ་ཀུན་ཏ་ལྟར་དཀར་ཞིང་མུ་ཏིག་ལྟར་འོད་གསལ་བས་མཐོན་པོ་ནས་འབྱུང་བ་ན་ཟླ་བ་ལྟར་འཚེར་བ་དང་། འགའ་ཞིག་ནི་ཁ་དོག་སྔོན་པོ་དང་། འགའ་ཞིག་ནི་སེར་པོ་དང་། འགའ་ཞིག་ནི་དམར་པོ་ལ་སོགས་པའི་མི་ཆེན་པོའི་ལག་པའི་མཐིལ་ཙམ་པ་དང་། ཤིང་རྟའི་འཕང་ལོ་ཙམ་པ་དཔག་ཏུ་མེད་པ་ཆར་ལྟར་དུ་བབ་པར་གྱུར་ཏོ། །

        གཞན་ཡང་ཕལ་ཆེ་བར་ནམ་མཁའི་ལམ་ཐམས་ཅད་འཇའ་ཁ་དོག་དཀར་པོ་ཤིན་ཏུ་ཡིད་འཕྲོག་པས་བླ་རེ་ལྟར་བྲེས་པ་དང་། བ་དན་ལྟར་འཕྱང་བ་དང་། དགེ་ལྡན་གྱི་གཡས་གཡོན་དང་མདུན་གྱི་ལུང་པ་ཐམས་ཅད་འཇའ་ཁ་དོག་སྣ་ཚོགས་པས་ལྡ་ལྡི་ལྟར་ཁྲིག་གིས་གང་བར་གྱུར་པ་ལ་སོགས་པ་ཞག་མང་པོའི་བར་དུ་བྱུང་ཞིང་། གང་གི་ཚེ་བཅོམ་ལྡན་འདས་གྲོང་ཁྱེར་རྩྭ་ཅན་དུ་གཟིམས་མལ་གྱི་ཐ་མལ་གཟིམས་ཏེ་མྱ་ངན་ལས་འདའ་བའི་མཛད་པ་བསྟན་པ་ན་ལྷ་རྣམས་ཀྱིས་མངོན་པར་མཆོད་པ་ཇི་ལྟ་བ་དེ་ལྟར་གྱུར་ཏོ། །

        སྨྲས་པ། ལེགས་བཤད་འོད་དཀར་སྟོང་གི་དྲ་བ་ཅན། །ཐུབ་བསྟན་ཀུ་མུད་མཛེས་བའི་གཉེན་གཅིག་པུ། །གློ་བུར་ཉིད་དུ་ཞི་བའི་དབྱིངས་སུ་ནུབ། །ས་གསུམ་འགྲོ་འང་གཅིག་ཆར་མུན་པས་ཁྱབ། །རིང་ནས་ཁྱོད་ལ་བསྟེན་པའི་སྐྱེ་བོ་འདི། །ཡིད་ལ་མྱ་ངན་མེ་ལྕེའི་སྦྱིན་སྲེག་དང་། །བཞིན་ལ་མཆི་མའི་རྒྱུན་གྱི་དག་བྱེད་དག །སྡུག་བསྔལ་བསམ་གཏན་དྲག་པོས་རྩེ་གཅིག་བསྒྲུབས། །བློ་གསལ་འཆི་མེད་ཚོགས་ཀྱི་འདོད་དགུའི་གཞི། །མཁྱེན་བརྩེའི་གྲིབ་བསིལ་ཕྱོགས་ཀྱི་མཐར་འགྲོ་བ། །སྔོན་མེད་ཡོངས་འདུའི་དབང་པོ་དབྱིངས་སུ་འཛེགས། །ཐར་འདོད་ཡིད་ཀྱི་གདུང་སེལ་སུ་ཞིག་བསྟེན། །ཐུབ་བསྟན་གངས་རིའི་སྟོད་གཡོགས་ནི། །གཅིག་ཆར་ཉིད་དུ་ལྷུང་ངོ་ཞེས། །ལྷ་རྣམས་སྐྲག་པའི་ཆོ་ངེ་བཞིན། །སྤྲིན་བྲལ་ནམ་མཁའི་རྔ་ཆེན་བརྡུངས། །ཆུ་གཏེར་དུ་ཀཱུ་ལ་ཡི་གོས། །མྱ་ངན་རླུང་གིས་རླབས་བསྐྱོད་པའི། །ལྗོན་ཤིང་སྤུ་ལོང་གཡོ་བ་ཅན། །ནོར་འཛིན་ལུས་ནི་རིང་ཞིག་འདར། །འཇིག་རྟེན་ཀུན་གྱི་ལྟ་བྱེད་ནི། །ལྷུང་བས་ཡིད་ཀྱི་བརྟན་ཉམས་ཏེ། །ཀུན་གསལ་མཛེས་མས་མུ་ཅོར་དུ། །ཆུ་འཛིན་སྨད་གཡོགས་རྒྱ་མཚོར་དོད། །དེ་ཡིས་སྐབས་གསུམ་ལྷ་རྣམས་ནི། །ངོ་ཚས་བབ་ཅོལ་གྱུར་པ་བཞིན། །འཕྲོག་བྱེད་བླ་གོས་བབ་པ་ཡིས། །ནམ་མཁའི་བུ་མོ་ཁྱབ་པར་བསྒྲིབས། །ཀུན་རྟོག་རླུང་གི་བཞོན་པ་ཀུན། །མ་ལུས་བཅོམ་པས་སྐྲག་གྱུར་ཏེ། །མཐའ་དག་དྲི་བཞོན་གཡོ་བ་ནི། །སྟོབས་ལྡན་བཞིན་དུ་ས་འོག་ཞུགས། །མགོན་འདིས་ཆོས་སྐུ་མངོན་དུ་མཛད་པ་ན། །བདག་ཅག་བཏང་སྙོམས་འདུག་པར་མི་རིགས་ཞེས། །མཐོ་རིས་པདྨོ་མ་ལུས་ལྷ་རྣམས་ཀྱིས། །མཁའ་ལ་གཏོར་བའི་རྣམ་འཕྲུལ་ཅི་ཡང་བྱས། །ཁྱོད་ཐུགས་ཞི་བའི་བདུད་རྩིས་མྱོས་མཐོང་ནས། །མངོན་དགའ་རྒྱས་པའི་ཟླ་བས་སྐུ་ལ་འཁྱུད། །དེ་ཚེ་དེ་ཡི་རྗེས་འབྲངས་རྒྱུ་སྐར་ཚོགས། །རང་གནས་བཏང་སྟེ་མཁའ་ལས་ལྷུང་བ་བཞིན། །མགོན་པོ་ཁྱོད་ཀྱིས་བདག་ཅག་རབ་བཏང་སྟེ། །ཕུན་ཚོགས་སྐུ་ཡི་སྒྱུ་མས་བྲིད་གྱུར་ཀྱང་། །མྱ་ངན་ལྕགས་དཀྱུས་ཡིད་ཀྱི་གཉིས་འཐུང་ནི། །གཏོང་བ་མིན་ཞེས་ཀུན་གྱིས་ཆོ་ངེ་བྱས། །འོན་ཀྱང་བླ་མ་མཆོག་གིས་སྐུ་གསུམ་གྱི། །གོ་འཕང་རྒྱ་ཆེན་མངོན་དུ་མཛད་དོ་ཞེས། །བདག་ཅག་ཡིད་ལ་གདུང་བ་ཅི་ལྟར་རིགས། །སླར་ཡང་ཚུལ་དེར་དང་བ་ལྷུར་བྱོས་ཤིག།    

                                                                                                                      རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།