རྗེའི་རྣམ་ཐར་ཆེན་མོ་ལས་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་སྐབས་དང་བོ།

    སྤེལ་དུས།  2016-09-21 19:41:49         ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་གཟིམས་ཁང་དུ་ཕེབས་ཏེ། བཞུགས་གདན་ལ་བཞུགས་པ་ན། ད་ནི་རང་རེའི་དགོན་པ་རང་དབང་ཐོབ་པ་འདིར་སླེབས་བྱུང་བས་བློ་བདེའོ་ཞེས་གསུང་ཟེར་རོ། །དུས་དེ་ཉིད་ཀྱི་ཉིན་མོ་འདས་པའི་མཚན་མོའི་གུང་ཐུན་ལ་བབ་པ་ཙམ་ནས་སྐུ་ཁམས་ཅུང་ཞིག་བསྙེལ་བའི་ཚུལ་བསྟན་ཏེ། །དེའི་སང་ཉིན་ནས་དགེ་འདུན་ཐམས་ཅད་ཀྱིས་ཀྱང་སྐུ་རིམ་ལ་འབད་པ་འདོན་པ་སོགས་བགྱིས། དེ་ལྟ་ན་ཡང་སང་གི་ཉིན་ཕྱེད་ཙམ་བར་དུ་སྐུ་ལུས་ཀྱི་ཆ་སོ་སོ་ལ་བསྙུང་ཟུག་ཏུ་མངོན་པ་ཅུང་ཟད་ཡོད་གསུང་བ་མ་གཏོགས། དེ་ནས་བསྙུང་ཟུག་ཀྱང་ཆེན་པོ་མེད་པར་ཅུང་ཟད་ཐུགས་ཉོག་པར་གསལ་ཙམ་གྱི་བར་ལ་ཉིན་ཞག་གཉིས་ཀྱི་རིང་དུ་སྐུ་རིམ་བསྒྲུབས།

        དེ་ཡང་སློབ་དཔོན་རིན་པོ་ཆེ་དཀའ་བཅུ་པ་ལ་སོགས་པ་ལ་བསྟན་པའི་བྱ་བ་མཛད་ཚུལ་འདི་ལྟར་དགོས་བྱ་བ་ལ་སོགས་པའི་ཞལ་ཏ་ཞིབ་པར་སྔ་མོ་ནས་གནང་ཚར་བས་དེའི་ཚེ་རྒྱས་པར་མ་གསུངས། དྲུང་འཁོར་རྣམས་ཀྱིས་ངེད་ཅག་ལ་བཀའ་གནང་དགོས་པ་མཆིས་སམ་ཞེས་གུས་པ་ཆེན་པོས་ཞུས་པར། པཎ་ཞྭ་ལེབ་འཇོག་དབུར་བཞག་པ་རྒྱལ་ཚབ་རྗེའི་སྐུ་པང་དུ་བཞག་ནས། གོས་བེར་གཅིག་ཀྱང་གནང་སྟེ། དོན་གྱིས་གདན་ས་མཛད་ནས་བསྟན་པའི་བདག་པོར་འགྱུར་བའི་ཆེད་དུ་བྱིན་རླབས་མཛད་དོ། །གནས་བརྟན་རིན་ཆེན་རྒྱལ་མཚན་སོགས་ལ་བརྩེ་བས་གཟིགས་ནས། ཚུལ་འདི་ཤེས་པར་གྱིས་ལ་བྱང་ཆུབ་ཀྱི་སེམས་སྒོམས་ཤིག་ཅེས་སོགས་ཙམ་གསུངས།

        ཡང་མ་འོངས་པའི་དུས་ཀྱི་སློབ་མ་ང་དང་མ་འཕྲད་སྙམ་དུ་ཡིད་གདུང་བ་རྣམས་ཀྱིས། ངས་བརྩམས་པའི་མདོ་སྔགས་ཀྱི་ལམ་རིམ་གཉིས་ལ་ལྟོས་ཤིག་དང་། ང་ཕྲད་པ་དང་ཁྱད་པར་མེད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བཅུད་བསྡུས་ཏེ་གཅིག་ཏུ་དྲིལ་ནས་བཤད་པ་ཡིན། ང་དང་ཕྲད་ཀྱང་དེ་ལས་ལྷག་པ་བཤད་རྒྱུ་མི་འོང་བ་ཞེས་ཐུགས་བརྩེ་བ་ཆེན་པོས་བཀའ་བསྩལ། ད་ངེད་ཅག་གིས་དོན་འདི་བློ་ལ་བཞག་ནས་འབད་དགོས་སོ། །

        གཞན་སྐུ་ཁམས་ཅུང་ཟད་བསྙེལ་བར་ཚུལ་བསྟན་པའི་རིང་ལའང་སྔར་གྱི་ཐུན་བཞིའི་རྣལ་འབྱོར་དང་བདག་འཇུག་ལ་སོགས་པའི་ཐུགས་དམ་གྱི་རིམ་པ་རྣམས་འཆག་མེད་དུ་མཛད་པ་དང་གཞན་ཡང་གཙོ་བོར་ནང་གི་ཏིང་ངེ་འཛིན་ལ་མཆོག་ཏུ་གཞོལ་བའི་ཐུགས་དམ་ལ་ཁོར་ཡུག་ཏུ་བཞུགས་པར་གྱུར་ཏོ། །དེ་ནས་ཉི་ཤུ་བཞིའི་དགོངས་ཕྱི་མ་རིང་དུ་སོང་བ་ན། བཅོམ་ལྡན་འདས་བདེ་མཆོག་འཁོར་ལོའི་མཆོད་པ་རྒྱས་པ་ཤིག་མཛད་དེ་དེའི་ཚེ་ཀ་པ་ལ་མར་གང་པ་ཅིག་ཁྱེར་ཤོག་གསུང་ནས་དེར་ནང་མཆོད་བྱིན་རླབས་རྒྱས་པ་ཤིག་མཛད་དེ། བདག་ཉིད་ཀྱིས་བདུད་རྩི་མྱང་བ་ལན་སུམ་ཅུ་རྩ་གཉིས་སམ། བཅུ་དྲུག་ཕྲག་གཉིས་སུ་མཛད་ལ། དེ་ཡང་བདེ་མཆོག་གི་མཆོད་པ་དེ་དང་འབྲེལ་བས། དེ་ཉིད་ཀྱི་དབང་དུ་མཛད་པ་ཡིན་ལ་རག་ཅིང་།

        གཞན་དུ་ན་ལྷའི་འཁོར་ལོ་འདི་འདྲ་བ་ཞིག་གི་དབང་དུ་མཛད་ནས་བདུད་རྩི་མྱང་བ་མཛད་དོ་ཞེས་བྱ་བར་ནི་སུས་ཀྱང་ཁོང་དུ་མ་ཆུད་དེ། སྐུ་དྲུང་ན་འཁོད་པ་ཁ་ཅིག་ནི། གྲངས་ལ་དཔགས་ནས། བཅོམ་ལྡན་འདས་དཔལ་གསང་བ་འདུས་པའི་སྒོ་ནས་མཛད་པར་ཡང་རྟོག་གོ །གཞན་ཡང་དེ་དག་གི་ཚེ་ཡི་དམ་གྱི་ཁྱད་པར་མངོན་སུམ་དུ་གཟིགས་པ་ལ་སོགས་པའི་གཟིགས་སྣང་ཁྱད་པར་ཅན་མང་དུ་ཡོད་པའི་རྣམ་པ་དུ་མ་མངོན་མོད་ཀྱི། སྐུ་དྲུང་ན་འཁོད་པ་དག་གིས་ཇི་ལྟར་མཆིས་པ་ཞུ་བར་རྔོ་མ་ཐོག་གོ་ཞེས་ཟེར་རོ། །དེ་ནས་མཚན་མོའི་རིང་ལ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཏེ། དེ་མང་ཕྱི་རོལ་ནས་མངོན་པ་ལ་རྡོ་རྗེ་བཟླས་པ་ལ་སོགས་པ་མཛད་པ་ཤས་ཆེ་བར་མངོན་ནོ་ཞེས་ཟེར་ཏེ། མདོར་ན་འཆི་བ་འོད་གསལ་ཆོས་སྐུ་དང་བསྲེ་བའི་མན་ངག་རྣམས་ཐུགས་ཉམས་སུ་བསྟར་བ་ཡིན་པར་ངེས་སོ། །

        དེའི་སང་ཉིན་ཉི་ཤུ་ལྔའི་སྔ་དྲོ་དང་པོ་ནས། ཞབས་རྡོ་རྗེ་དཀྱིལ་མོ་དཀྲུང་དུ་མཛད། ཕྱག་གཉིས་མཉམ་པར་བཞག་སྟེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ལས་ཉི་མ་ཤར་རྗེས་ཙམ་ལ་སྟོང་བ་གསུམ་རིམ་གྱིས་ཐིམ་ནས་ཐམས་ཅད་སྟོང་པ་འོད་གསལ་དོན་དམ་པའི་བདེན་པ་ཆོས་སྐུ་མངོན་དུ་མཛད་པའི་ཚེ། བར་དོར་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་བཅུ་ཡོངས་སུ་རྫོགས་པའི་ལོངས་སྐུར་འཚང་རྒྱ་བའི་ཚུལ་བསྟན་ཏེ། སྤྲུལ་པ་གཅིག་ནི་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པས་སྤྱན་དྲངས་ནས་དགའ་ལྡན་གྱི་གནས་སུ་རྗེ་བཙུན་བྱམས་མགོན་གྱི་དྲུང་དུ་བྱང་ཆུབ་སེམས་དཔལ་འཇམ་དཔལ་སྙིང་པོ་ཞེས་པར་གྱུར་པ་དང་། ཡང་སྤྲུལ་པ་གཅིག་ནི་རྨད་བྱུང་བཀོད་པའི་ཞིང་དུ་བདེ་བཤེགས་སེང་གེའི་ང་རོ་ཞེས་པའི་སངས་རྒྱས་སུ་འགྱུར་བར་བྱང་ས་སོགས་འཇིག་རྟེན་གྱི་ཁམས་རབ་འབྱམས་རྣམས་སུ་སྤྲུལ་པའི་སྐུའི་རྣམ་པ་དཔག་ཏུ་མེད་པས་འགྲོ་བའི་དོན་མཛད་པ་ཡིན་ནོ། །

བརྒྱུད་འགོད།