རྗེའི་རྣམ་ཐར་ཆེན་མོ་ལས་བདེ་ཆེན་སྔགས་སྔགས་མཁར་བཏབ་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-21 19:32:04     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་རིམ་གྱིས་བ་ལམ་བདེ་ཆེན་རྩེར་ཕྱགས་ཕབ། དེར་ཡང་ཐག་དཀར་རྫོང་དཔོན་པ་ཡབ་ཡུམ་ལ་ཞལ་ཏ་བྱོན་ཅིང་། ཁོང་པས་ཀྱང་དད་པ་ཆེན་པོས་དགའ་སྤྲོ་དང་བཅས་ཏེ་བཀའི་ཁུར་སྤྱི་བོས་མནོས་ནས། །བདེ་ཆེན་རྩེར་དཔལ་གསང་བ་འདུས་པའི་འཆད་ཉན་རྣམ་པར་དག་པ་རྐང་བཙུགས་པ་དང་། གཞི་འདུལ་བའི་བསླབ་ཁྲིམས་ཕྱག་སྲོལ་མ་ཉམས་པ་ལ་བརྟེན་པའི་གྲྭ་ས་བཙུགས། རྗེ་རང་ཉིད་ཀྱིས་ཀྱང་བདག་རྐྱེན་སྦྱར་ནས་གཞི་འཛུགས་པ་སོགས་ཀྱི་རྐྱེན་དུ་བབ་པའི་ཡོ་བྱད་དཔག་ཏུ་མེད་པའི་གནང་སྦྱིན་དང་། རྫོང་དཔོན་པས་བདག་རྐྱེན་ཕུན་སུམ་ཚོགས་པའི་ཐུགས་ཁུར་བཞེས་སོ། །དེ་ནས་གནས་དེ་ཉིད་ལ་རབ་ཏུ་གནས་པ་ཞུས་པས། ད་ལན་མིན་པ་རབ་གནས་བྱེད་པ་མི་འོང་བས་ད་ལན་རྒྱས་པ་ཤིག་བྱེད་དགོས་གསུངས་ནས། རབ་ཏུ་གནས་པ་རྒྱས་པར་མཛད་དེ། གནས་དེ་ཉིད་ཀྱི་གཙུག་ལག་ཁང་ལ་སྔགས་མཁར་ཞེས་བྱ་བར་མིང་དུ་གདགས་པ་ཡང་མཛད་དོ། །

        དེ་ནས་བྲག་དཀར་དུ་བྱོན། །དེ་ནས་གྲུ་བཞིར་གདན་འདྲེན་ཞུས་ནས་བྱོན་ཏེ། དེ་ཡང་འབྲས་སྤུངས་ནས་ཕྱག་བཏེག་ནས་དགོན་པར་མ་ཕེབས་ཀྱི་རིང་ལ་གང་དུ་སྤྱན་དྲངས་པ་ཐམས་ཅད་དུ་ད་ཡང་ཡང་འོང་བ་མི་འོང་བས་ད་ལན་འགྲོ་དགོས་གསུང་ནས་ཞལ་གྱིས་བཞེས་པར་མཛད་དོ། །གྲུ་བཞིར་ཕེབས་པའི་ནུབ། གྷཎྜྷ་བརྡུངས་པའི་སྒྲ་ཆེན་པོ་གྲག་ནས། ཐམས་ཅད་ཐེ་ཚོམ་དུ་གྱུར་ནས་བརྟགས་ཀྱང་། མི་ཞིག་གིས་བརྡུངས་པ་མ་ཡིན་པར་ངེས་པ་ཙམ་དུ་ཟད་ཀྱི། གཞན་དུ་ན་རྡུང་བར་བྱེད་པ་སུ་ཞིག་གིས་གནས་གང་དུ་བརྡུངས་པ་སོགས་གང་དུའང་བརྟག་པར་མི་ནུས་པར་ཡུན་རིང་དུ་སྒྲ་ཤིན་ཏུ་དྲག་ཅིང་གསང་མཐོ་བ་རྡུང་བར་བྱེད་དོ། །

        གཞན་ཡང་། འབྲས་སྤུངས་ནས་ཡར་ལ་ཕྱག་མ་བཏེག་པའི་གོང་ཙམ་གྱི་སྐབས་སུ་ཡང་། ས་ཆེན་པོ་གློ་བུར་ཉིད་དུ་གཡོ་བ་དང་། ནམ་མཁའི་དབྱིངས་མཐའ་མི་མངོན་པའི་ལམ་རིང་པོ་ནས་འོངས་པའི་འཇའ་ཚོན་རྣམ་པར་བཀྲ་བ་ལྷ་ཡི་ཕོ་ཉ་ལྟ་བུ་རི་བོ་དགེ་ལྡན་གྱི་རྩེ་ལ་ཡང་དང་ཡང་དུ་འཛུགས་པ་ལ་སོགས་པ་ལན་མང་དུ་བྱུང་ངོ་། །

        དེ་ནས་གྲུ་བཞི་ནས་ཕྱག་བཏེག་ནས་དགེ་ལྡན་དུ་ཕེབས་པ་ན་ཐོག་མར་ཡངས་པ་ཅན་གྱི་གཙུག་ལག་ཁང་ཆེན་པོར་བྱོན་ཏེ། འདིར་ད་ཡང་ཡང་འོང་བ་མི་འོང་བས། མཆོད་གཏོར་རྒྱ་ཆེར་ཤོམ་གསུང་ནས་སྟོན་པའི་སྐུ་དང་། གཞལ་ཡས་ཁང་རྣམས་དང་། ཡི་དམ་གྱི་དྲུང་དུ་མཆོད་པ་དང་གཏོར་མ་རྒྱ་ཆེར་མཛད་ནས་གསོལ་བ་གདབ་པ་དང་སྨོན་ལམ་གྱི་རིམ་པ་ལ་སོགས་པ་མང་དུ་མཛད། དེ་ནས་འདུ་ཁང་དུ་དགེ་འདུན་གྱི་མང་ཇ་འདྲེན་པ་ཞིག་གིས་གདན་དྲངས་པས་ཚོགས་ཀྱི་དབུས་སུ་ཕེབས་ཏེ། བསྔོ་བ་མཛད་པའི་མཇུག་ཏུ། སྦྱིན་བདག་སོགས་ཀྱིས་ཆེད་དུ་ཞུ་བསུ་ཡང་མེད་པར། བདེ་བ་ཅན་གྱི་སྨོན་ལམ་རྒྱས་པ་ཤིག་མཛད་དེ། དགེ་འདུན་ཚོགས་པ་རྒྱ་མཚོའི་དབུས་སུ་ཤིས་བརྗོད་དང་བཅས་པ་མཛད་ནས་ཕྱིས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པའི་ཆེད་དུ་ཐུགས་གཏད་པའི་རྣམ་པ་ཡིན་པར་གསལ་ལོ། ། 

                                                              རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།