རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་ཤེས་རབ་སེང་གེ་གསང་སྔགས་ཀྱི་བདག་པོར་དབང་བསྐུར་བའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-21 19:19:57     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་ལྷ་སར་ཕྱག་བཏེག ཇོ་བོ་རིན་པོ་ཆེའི་དྲུང་དུ་བྱོན་ཏེ། ཕྱག་དང་མཆོད་པ་དང་སྨོན་ལམ་རྣམ་པར་དག་པ་རྒྱ་ཆེར་མཛད་ནས་ད་དུང་ཡང་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་གསོལ་བ་བཏབ། དེ་ནས་ཆོས་རྗེ་ཤཱཀྱ་ཡེ་ཤེས་པས་སྤྱན་དྲངས་ཏེ་སེ་ར་ཆོས་སྡིངས་སུ་བྱོན། ཁོང་པ་ལ་སྔར་ནས་ཞལ་ཏ་བྱོན་པ་དང་། ཁོང་པ་རང་ཡང་ཐུགས་ཀྱི་འདུན་པ་ཆེ་བར་ཡོད་ཅིང་། ཁྱད་པར་གངས་རིའི་ཁྲོད་འདིར་སྔགས་ཀྱི་རྒྱུད་སྡེ་ལ་འཆད་ཉན་རྣམ་པར་དག་པ་ཡོད་ཡེ་ཐམས་ཅད་དུ་ནུབ་པར་གྱུར་ནས་རིང་ཤིག་ལོན། རྗེ་རང་ཉིད་ཀྱིས་བཤད་པ་རྣམ་པར་དག་པ་མཛད་པའི་གསུང་གི་བདུད་རྩི་ཉམས་སུ་མྱོང་བས་བློ་གྲོས་ཀྱི་ལུས་ཡོངས་སུ་ཚིམ་པ་མང་དུ་བྱོན་མོད་ཀྱི། དེ་ལྟ་ན་ཡང་ད་དུང་རྒྱུད་སྡེའི་འཆད་ཉན་རྐང་ཚུགས་པའི་གྲྭ་ས་ཐིངས་པ་སྔོན་ཆད་མེད་པས། དེ་འདྲ་བའི་འཆད་ཉན་གྱི་གཞི་རྣམ་པར་དག་པ་ཚུགས་ན་ཅི་མ་རུང་སྙམ་དུ་བསྟན་པ་འབའ་ཞིག་ལ་དགོངས་པའི་ཐུགས་ཀྱི་འདུན་པ་ཤུགས་དྲག་པོས་དེའི་ཚེ་ཞལ་ཏ་གནང་སྟེ། སེ་ར་ཆོས་སྡིངས་སུ། ཆོས་རྗེ་པས་བདག་རྐྱེན་གྱི་ཐུགས་ཁུར་ཆེས་ཆེར་བཞེས་ནས། གཞི་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ཏེ། དཔལ་གསང་བ་འདུས་པ་དང་བདེ་མཆོག་གི་རྩ་རྒྱུད་ལ་འཆད་ཉན་རྐང་བཙུགས་པའི་གྲྭ་ས་རྣམ་པར་དག་པ་འཛུགས་པའི་ཞལ་བསྐོས་ཞིབ་ཏུ་མཛད།

        དེའི་ཚེ་རྗེ་རིན་པོ་ཆེས་གསེར་གྱི་རི་ལྟ་བུའི་ཡོན་ཏན་ཆེན་པོས་མངོན་པར་མཐོ་བའི་སློབ་མའི་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ། འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་ཕྱག་ཏུ་བསྣམས་ནས། རྒྱལ་བ་རྡོ་རྗེ་འཆང་གི་གསུང་གསང་སྔགས་ཀྱི་ཆོས་དྲི་མ་མེད་པ་ངེད་རང་གི་བཤད་སྲོལ་འདི་འཛིན་སྐྱོང་སྤེལ་བར་བྱེད་པའི་ཕྱིར་དུ་ཆོས་ཀྱི་བདག་པོ་འགྱུར་འདོད་པ་སུ་ཡོད། ཅེས་བཀའ་ལན་གསུམ་དུ་ཕེབས་པའི་དང་པོ་གཉིས་ལ་སུས་ཀྱང་བཀའ་ལན་འབུལ་མ་ནུས། གསུམ་པའི་ཚེ་མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེས་ཡར་བཞེངས་ཏེ་ཕྱག་གསུམ་བཙལ་ནས། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་ངོ་བོ་དབྱེར་མ་མཆིས་པའི་རྗེ་བླ་མ་ཉིད་ཀྱི་བཀའ་ལུང་སྙིང་ལ་བཞག་ནས་ཅི་ནུས་ཀྱིས་བཀའ་བཞིན་དུ་སྒྲུབ་པར་བགྱི་ཞེས་འཇིགས་པ་མེད་པའི་སེང་གེའི་སྒྲ་བསྒྲགས་ཏེ་ཞུས་སོ། །

        དེར་འགའ་ཞིག་གིས་འདི་རང་གི་ཚོད་མ་ཟིན་པར་ཞུས་སམ་སྙམ་དུ་དོགས་པར་གྱུར་ཀྱང་། རྗེ་ཉིད་མཆོག་ཏུ་དགྱེས་ཤིང་བྱིན་རླབས་མཛད། ནང་མཆོད་ཀ་བཱ་ལ་གང་བ་དང་། གསང་བ་འདུས་པའི་གསེར་སྐུ་བྱིན་རླབས་ཅན། འགྲེལ་པ་བཞི་སྦྲགས། རྒྱུད་ཀྱི་རྣམ་བཤད་གཉིས། བསྐྱེད་རྫོགས་ཀྱི་ཡིག་ཆ་རྣམས་དང་། ཆོས་རྒྱལ་གྱི་ཞལ་འབག་གཏེར་མ། འཆམས་གོས། དབྱུག་ཏོ་ཞགས་པ་བཅས་གནང་ནས་གསང་སྔགས་བླ་ན་མེད་པའི་སྟོན་པར་མངའ་གསོལ། ད་ལྟ་རྒྱུད་པ་གྲྭ་ཚང་ཞེས་གྲགས་པ་འདིའི་དབུ་ཚུགས་པ་ནི་འདི་ཡིན་ནོ། །

        དེ་ནས་རྒྱུད་ཀྱི་འཆད་ཉན་ཚུགས་པའི་རྟེན་འབྲེལ་དུ་གནས་དེར་གསོ་སྦྱོང་མཛད། རྒྱུད་ཀྱི་རྒྱལ་པོ་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་རེ་གསུངས། བར་སྐབས་ཤིག་རྗེ་ཤེར་སེང་གིས་ཁོ་བོ་རང་སྟོབས་ཀྱིས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱས་པར་བྱེད་པའི་ནུས་པ་མེད་པས་རྗེ་བླ་མ་ཉིད་ནས་སྐྱབས་འཇུག་ཟབ་མོ་གནང་བ་ཞུ་ཞེས་ཞུས་པར། རྗེ་རིན་པོ་ཆེས། ཁྱོད་སྐྲག་མི་དགོས། ཁོ་བོས་དམ་ཅན་ཆོས་རྒྱལ་ལ་གཉེར་གཏད་བྱས་ཡོད། ཁྱོད་རང་གཙང་ཕྱོགས་སུ་བྱོན་ལ་རྒྱུད་ཀྱི་བཤད་ཉན་མཛོད། འདི་ནས་དཔག་ཚད་འགའ་སོང་བའི་སར་དྲིལ་བུ་ཁ་སྦུབ་པ་ལྟ་བུའི་དབྱིབས་ཅན་གྱི་རི་ཡོད། དེའི་སྟེང་དུ་སྐྱེ་བ་མང་པོར་གཤིན་རྗེའི་གཤེད་ཀྱིས་རྗེས་སུ་བཟུང་བའི་རྣལ་འབྱོར་བ་ཅིག་ཡོད། དེ་ཁྱོད་ཀྱི་སློབ་མར་གྱུར་ཏེ་བསྟན་པ་རྒྱས་པར་བྱེད། ཡང་དེའི་ཕ་རོལ་རྒྱང་གྲག་འགའི་ས་ན་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་རིའི་སྟེང་དུ་གནོད་སྦྱིན་མོ་ཅིག་ཡོད། དེས་ཀྱང་ཁྱོད་ཀྱི་བསྟན་པ་རྒྱས་པར་བྱེད། དེ་ཕྱིན་ཆད་ནི་ཁྱོད་རང་གིས་ཤེས་པར་འགྱུར་ཞེས་ལུང་བསྟན་ནོ། །

        དེར་བཞུགས་རིང་ཞབས་ཕྱི་མང་པོ་བཅས་ཀྱི་གང་དགོས་ཐམས་ཅད་བྱམས་ཆེན་ཆོས་རྗེས་བསྒྲུབས་པ་ཡིན་ཞིང་། ཆོས་རྗེ་པས་སེ་རའི་དགོན་སྡེ་འདེབས་རྩིས་ཡོད་པ་ཞུས་པར། རྗེ་བླ་མས། མདོ་སྔགས་ཀྱི་བཤད་སྒྲུབ་ཡུན་རིང་དུ་གནས་པ་དང་། སེམས་ཅན་དཔག་ཏུ་མེད་པའི་དོན་རྒྱ་ཆེན་པོར་འགྱུར་བས་ན་འདི་ལྟར་མཛད་པ་ལ་ལེགས་ཞེས་བཀའ་གནང་སྟེ། འདུ་ཁང་དང་གཙང་ཁང་དགེ་འདུན་གྱི་སྤྱིལ་བུ་སོགས་ཇི་ལྟར་གདབ་པའི་བསླབ་སྟོན་མཛད། རྗེའི་བཀའ་བཞིན་དུ་ཆགས་བཏབ་པའི་དགོན་སྡེ་ནི། དེང་སང་སེ་ར་ཐེག་ཆེན་གླིང་ཞེས་གྲགས་པ་འདི་ཡིན་ནོ། །འདི་ནི་སེ་ར་ཆོས་སྡིངས་དང་ཉེ་ཞིང་། ལྷ་སའི་གཡོན་ངོས་ཀྱི་རི་ལ་ཡོད་དོ། །

                                                                  རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།