རྗེའི་རྣམ་ཐར་ཆེན་མོ་ལས་སྔགས་དང་མཚན་ཉིད་ཀྱི་གསུང་སྒྲོས་ཀྱི་བཤད་རྒྱུན་རྫོགས་པ་མེད་པར་འཕྲོ་རིང་དུ་གནས་པའི་རྟེན་འབྲེལ་སྒྲིག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-19 20:21:51     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཟབ་ཡངས་མཁྱེན་པ་མཁའ་ལྟར་ཕ་མཐའ་ཡས། །དམིགས་མེད་ཐུགས་རྗེས་འགྲོ་ཀུན་རྗེས་སུ་འཛིན། །སྐྱོན་བྲལ་མཛད་པས་གདུལ་བྱ་བདེ་ལ་འགོད། །སྐྱབས་མགོན་ཙོང་ཁ་པ་ལ་ཕྱག་འཚལ་ལོ། །བདུན་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་སྤྲུལ་པའི་སྐུས་བསྟན་འགྲོའི་དོན་ཇི་ལྟར་མཛད་པ་དང་། བརྩམས་པའི་ཆོས་ཀྱི་གྲངས། དགའ་ལྡན་གྱི་རྟེན་གྱི་གྲངས། སློབ་མའི་གཙོ་བོ་རྣམས་ཀྱི་གྲངས་སོགས་བརྗོད་པ་ནི། དེ་ལྟར་བསྟན་པ་དང་གདུལ་བྱའི་དོན་རྨད་དུ་བྱུང་བ་རྒྱ་ཆེར་མཛད་པས་གངས་རིའི་ཁྲོད་ཀྱི་སྐལ་བ་དང་ལྡན་པ་སྐུ་དངོས་ཀྱིས་འདུལ་བ་དག་གི་དོན་ནི་ཕལ་ཆེར་མཛད་པ་མཐར་ཕྱིན་པ་ལ་ཉེ་བར་གྱུར་པ་ཕག་གི་ལོའི་སྟོན་ཞབས་ཅུང་ཟད་བསྙུང་བའི་ཚུལ་བསྟན།

        དེར་འགའ་ཞིག་གིས་སྟོད་ལུངས་ཀྱི་ཆུ་ཚན་ལ་བྱོན་ན་སྐུ་ལུས་ལ་ཤིན་ཏུ་འཕྲོད་པར་འགྱུར་རོ་ཞེས་གསོལ་བ་དག་གིས་འཕྲལ་དུ་མཚམས་སྦྱོར་བའི་རྐྱེན་བྱས་ཤིང་། དོན་གྱི་གཙོ་བོ་ནི་རང་ཉིད་ཇོ་བོ་རིན་པོ་ཆེའི་དྲུང་དུ་སྐུ་དེ་ཉིད་ཀྱིས་ཕྱི་མ་མེད་པའི་ཕྱག་བྱ་བར་བཞེད་པ་དང་། ཀུན་ཏུ་རྒྱུ་རབ་བཟང་དང་དྲི་ཟའི་རྒྱལ་པོ་བཞིན་དུ། སྐུ་དེ་ཉིད་ཀྱིས་དངོས་སུ་འདུལ་བའི་སྐྱེ་བོ་མང་པོ་ཞིག་གི་དོན་བྱ་བར་ཡང་དགོངས་ཤིང་། སྔོན་ནས་རང་ཉིད་ཀྱིས་སྨིན་པར་མཛད་པའི་སྐྱེ་བོ་མཐའ་ཡས་པ་དག་ལ་ལེགས་པར་བཤད་པའི་གསུང་གི་ཐ་མ་སྩལ་བར་བཞེད་ནས། རི་བོ་དགེ་ལྡན་ནས་ཕྱགས་བཏེག་སྟེ་ལྷ་སར་མཆོད་པ་དང་སྨོན་ལམ་རྣམ་པར་དག་པ་མཛད་ནས། སྟོད་ལུངས་ཀྱི་ཆབ་ཚན་ཁར་བྱོན། འོན་ཀྱང་ཆབ་ཚན་གྱིས་ནི་ཞབས་ལ་ཅུང་ཟད་ཙམ་བདུག་པ་ལས་མ་མཛད།

        གཙོ་བོར་སྟོད་ལུངས་ཕུ་མདའི་སྐྱེ་བོའི་ཚོགས་མཐའ་ཡས་པ་དག་ལ་ཆོས་དང་བྱིན་རླབས་ཀྱི་སྐྱེས་གནང་ཞིང་། བསྙེན་བཀུར་བ་དང་འབུལ་བ་རྨད་དུ་བྱུང་བ་དག་བདག་གིར་མཛད་པ་དང་། ཐ་ན་ཞལ་མཐོང་ཞིང་གསུང་ཐོས་པ་ཙམ་གྱི་སྒོ་ནས་ཀྱང་དོན་དང་ལྡན་པར་མཛད་དོ། །ཆུ་མིག་ལུང་གི་ཆོས་གྲྭ་ལ་གསང་འདུས་ཀྱི་ལྷ་ཚོགས་ཐིམ་པ་གཟིགས་ནས་འདིར་རྒྱུད་གྲྭ་འབྱུང་ཞེས་ལུང་བསྟན་མཛད།

        དེ་ནས་སླར་འཁོར་ཏེ་འབྲས་སྤུངས་སུ་འབྱོན་པའི་ཚེ། འདི་ལོ་ལ་གདན་དྲངས་པའི་འདོ་ལིའི་སྣ་ལ་འཇའ་ཚོན་ཁ་དོག་ལྔ་པ་ཀུན་ནས་བཀྲ་བ་ཐལ་བྱུང་དུ་ཟུག་པ་དང་། འབྲས་སྤུངས་སུ་ཕེབས་ནས་ཀྱང་། ཆོས་གསུངས་པའི་ཚེ་ཆོས་གྲྭའི་དབུས་སུ་འཇའ་ཚོན་སྣ་ལྔ་པ་ནམ་མཁའི་དབྱིངས་ནས་ཀ་བ་བཙུགས་པ་ལྟར་ཆེས་གསལ་བར་ཟུག་པ་སོགས་ཀྱི་ལྟས་མངོན་སུམ་དུ་བབ་པར་གྱུར། འབྲས་སྤུངས་སྔགས་ཁང་གི་རྟེན་རྣམས་ལ་རབ་གནས་མཛད་པས་ཡེ་ཤེས་པ་སྤྱན་འདྲེན་གྱི་དུས་སུ་ས་གཡོས་ཤིང་འུར་ཆོམ་གྱི་སྒྲ་ཆེན་པོ་ཐམས་ཅད་ཀྱིས་མངོན་སུམ་དུ་རིག་པའི་ཟིལ་ཆེ་བ་དང་བཅས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འཁོར་བཅས། དམ་ཅན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་བཅས་ཀྱི་ཡེ་ཤེས་པ་རྣམས་དངོས་སུ་བཅུག་པར་མཛད་ཅིང་། བརྟན་བཞུགས་རྒྱས་པ། ཡོན་བདག་བསྒོ་བ། གསེར་གྱི་རྟག་གཏོང་འཆའ་བ། ཞི་རྒྱས་ཀྱི་སྦྱིན་སྲེག་ཚར་མང་པོ་དང་། ཡི་དམ་ཆོས་སྐྱོང་རྣམས་ལ་དགོན་སྡེ་གཉེར་དུ་གཏད་པ་རྣམས་མཛད།

        དེ་ནས་འཇམ་དབྱངས་ཆོས་རྗེ་ལ་དགོན་པ་བཏབ་ནས་ལོ་གསུམ་ལས་ལྷག་མ་སོང་ཀྱང་དར་རྒྱས་ལེགས་པར་བྱུང་འདུག ད་ཕྱིན་ཆད་ཀྱང་ཁྱོད་རང་གིས་འཛིན་བདག་བྱེད་དགོས་ཞེས་སོགས་ཀྱི་བཀའ་གནང་བས། འཇམ་དབྱངས་ཆོས་རྗེས་བཞེངས་ཏེ་ཕྱག་བཙལ་ནས། རྗེ་བླ་མའི་བཀའ་བཞིན་དུ་ཇི་ལྟར་ནུས་པས་སྒྲུབ་པར་བགྱི་ཞེས་སོགས་ཞུས།

        གཞན་ཡང་། འབྲས་སྤུངས་སུ་བཞུགས་ཀྱི་རིང་ལ་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་སྟོང་ཕྲག་གཉིས་རེ་ཙམ་འདུས་ཤིང་། སྣེའུ་ནས་ཞབས་ཏོག་དང་སྤྱི་དགོས་ཀྱི་ཕོགས་བསྙེན་བཀུར་འབུལ་སྣོད་སོགས་བསམ་གྱིས་མི་ཁྱབ་པ་མཛད་ལ། དེའི་ཚེ་ལམ་རིམ་གྱི་ཁྲིད། ན་རོ་ཆོས་དྲུག དབུ་མ་འཇུག་པ། གསང་བ་འདུས་པའི་རྒྱུད་ལ་སོགས་པ་གསུངས་ཤིང་། དེ་ཡང་སྔོན་ཆད་གྲོང་པའི་སྐྱེ་བོ་ཕོ་མོ་དུ་མ་ལ་ཁྲིད་ཆེར་མི་གནང་། ཁྱད་པར་ལམ་རིམ་གྱི་ཁྲིད་ལའང་འཚོག་ཏུ་མི་རུང་བ་ལ་སོགས་པའི་དམ་བཞག་ཆེ་བར་ཡོད་པ་ལ། དེ་དུས་གྲོང་བའི་སྐྱེ་བོ་ཇི་ཙམ་ཞིག་འོངས་པ་དང་། དུས་ནམ་ཞིག་ན་འོངས་པ་ཐམས་ཅད་ལ་ཁྱད་པར་མེད་པར། ཐ་ན་སྤྲང་པོའི་ཚོགས་དུ་མ་འདུས་པ་ཡན་ཆད་ཐམས་ཅད་ལ་ལམ་རིམ་དང་དབུ་མ་ལ་སོགས་པའང་བཀག་པ་མེད་པར་གནང་། ལམ་རིམ་གྱི་མཇུག་མ་རྫོགས་པར་འཕྲོ་འཇོག་པར་མཛད།

        འབྲས་སྤུངས་སུ་བཞུགས་པའི་སྐབས་ཤིག་ནས་གཞན་ཕལ་མོ་ཆེ་ལ་ལྐོག་ཏུ་གྱུར་པའི་མངོན་ཆུང་བར་གྱིས་གསུངས་ནས་ལྷ་བཟོ་བ་ལ་དམ་བཞག་ཆེ་བར་མཛད་དེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དངུལ་སྐུ་ཆེན་པོ་ཅིག་བཞེངས་པའི་ཞལ་ཏ་མཛད། དེའི་ཚེ་ཉིན་ཅིག་དགའ་ལྡན་གྱི་ཕྱོགས་ལ་རིང་ཙམ་གཟིགས་པ་ཅིག་མཛད། དེ་ལྟར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས། སྔོན་ཆད་དུས་འཁོར་མ་གཏོགས་པའི་རྒྱུད་ལ་ལེ་མཚམས་མཛད་པའི་ལུགས་མེད་པ་ལ། དེའི་ཚེ་གསང་འདུས་ཀྱི་ལེའུ་དགུ་པའི་སྐབས་ལ་ཆོས་མཚམས་མཛད་ནས། མྱུར་དུ་དགོན་པར་འབྱོན་བཞེད་པའི་ཞལ་ཏ་གནང་། དེ་ལ་སྦྱིན་བདག་དང་། ཆོས་གསན་པ་རྣམས་ཀྱིས་ད་དུང་ཟླ་བ་གཅིག་གམ་ཟླ་ཕྱེད་ཙམ་དུ་ཡང་བཞུགས་ནས་ཆོས་འཕྲོ་རྫོགས་པར་གསུང་པ་གཅིག་ཐུགས་རྗེས་གཟུང་འཚལ། ཐ་ན་རྒྱུད་ཀྱི་འཕྲོ་བཀླགས་ལུང་དུ་མཛད་པ་ཙམ་ཞིག་ཀྱང་གནང་འཚལ་ཞེས་གསོལ་བ་ནན་ཆེར་བཏབ་ཀྱང་གསན་དུ་མ་བཞེད་ནས། ད་ལན་མྱུར་དུ་བཏེག་པ་ཐམས་ཅད་ལ་དགའ་བས་འདེགས། རྒྱུད་དང་ལམ་རིམ་འཕྲོ་ལ་འཇོག་པའི་འདུན་པ་ཁ་སིང་དུ་བཏང་ཚར་གསུང་ནས་ཆོས་མཚམས་མཛད་དེ། དེ་ཡང་ད་དུང་སྔགས་དང་མཚན་ཉིད་ཀྱི་གསུང་སྒྲོས་ཀྱི་བཤད་རྒྱུན་རྫོགས་པ་མེད་པར་འཕྲོ་རིང་དུ་གནས་པའི་རྟེན་འབྲེལ་སྒྲིག་པའི་དགོངས་པ་སྔོན་དུ་མཛད་པ་ཡིན་པར་གདོན་མི་ཟའོ། 

                                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།