རྗེའི་རྣམ་ཐར་ཆེན་མོ་ལས་བསྟན་འགྲོའི་དོན་ཇི་ལྟར་མཛད་ཚུལ་མདོ་ཙམ་བསྟན་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-19 19:38:53     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        མཁས་གྲུབ་རྗེས་རྣམ་ཐར་དུ་གསུངས་པ་འདི་དག་ལྟར་ན་འདུལ་བ་དང་མདོ་དང་སྔགས་ཀྱི་ཆོས་དག་པར་མཛད་ཚུལ་ལ་ཡང་ཡང་བསྔགས་པས། འདི་གསུམ་ནི་བསྟན་འགྲོ་ལ་ཕན་བཏགས་པའི་མཛད་ཆེན་ཡིན་པར་སྣང་ལ། སྤྱིར་རྗེ་རིན་པོ་ཆེས་རྫིང་ཕྱིའི་ཞིག་གསོས་མཛད་པ། གཉལ་གྱི་ཚོགས་ཆེན་བཙུགས་པ། ལྷ་སའི་སྨོན་ལམ་བཙུགས་པ། དགའ་ལྡན་དུ་སྔགས་གྲྭ་བཙུགས་པ་སྟེ་བཞི་ལ་བསྟན་པ་ལ་ཕན་པའི་མཛད་ཆེན་བཞི་ཞེས་གྲགས་ལ། རྗེ་རང་ཉིད་ཀྱིས་རྟོགས་བརྗོད་འདུན་ལེགས་མར། ཐོག་མར་གཞུང་ལུགས་མང་པོ་ལ་མཁས་པར་སྦྱངས་པ། བར་དུ་དེ་དག་གི་དོན་ལ་བསམ་པས་གདམས་པར་ཤར་བ། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བཞེས་པ། དེ་ཐམས་ཅད་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པ་སྟེ་བཞི་གསུངས་སོ། །

        འདི་རྣམས་ཤེས་ནས་རྗེ་བླ་མ་ལ་དད་གུས་ཀྱིས་མགོན་སྐྱབས་སུ་བསྟེན་པ་དང་། རང་ཉིད་ཀྱིས་ཐོས་བསམ་བསྒོམ་པ་ཇི་ལྟར་བྱ་ཚུལ་སོགས་ཤེས་ནས་རྗེ་བླ་མའི་རྗེས་སུ་འབྲང་བ་ནི། རྣམ་ཐར་ཤེས་པའི་དགོས་པ་ཡིན་ནོ། །

        འདིར་སྨྲས་པ། མི་དམན་རྒྱལ་བའི་ས་བོན་སྙིང་རྗེའི་ཁམས། །ཤེས་རབ་ཡུམ་གྱི་ལྟོ་བར་བསམ་གཏན་གྱི། །བདེ་དྲོད་སྙོམས་པར་བརྟེན་པས་ལེགས་སྨིན་པ། །དུས་གསུམ་རྒྱལ་བའི་གདུང་འཚོབ་སྲས་འདི་བསྐྲུན། །སྙིང་རྗེའི་ཟླ་བ་རྫོགས་པའི་གཞོན་ནུ་ནི། །ལྷག་བསམ་ཀུན་གསལ་མཛེས་མའི་ཕང་བ་ལས། །རྨད་བྱུང་བརྩོན་པའི་མགྱོགས་འགྲོས་དང་བླངས་ཏེ། །གཞན་དོན་ཤར་རིའི་བ་གམ་རྩེ་ལ་འཛེགས། །དེ་ཚེ་དམ་ཆོས་ཀུ་མུད་བཞད་པ་དང་། །མཉམ་དུ་ཐུབ་བསྟན་གོས་དཀར་གྱོན་པའི་ལུས། །གཟིགས་ནས་ས་གསུམ་འགྲོ་འདི་མུན་བྲལ་ཅེས། །དགྱེས་ལྡན་རྒྱལ་བ་ཀུན་ནི་བཏང་སྙོམས་མཛད། །རྩོད་དུས་འཕྲོག་སླད་ཆེད་དུ་འོངས་པ་ཡི། །རྫོགས་ལྡན་བཞིན་དུ་ཁོར་ཡུག་རི་བོའི་ཁོངས། །མ་ལུས་ཁྱབ་པར་བསླབ་གསུམ་རྒྱལ་མཚན་ནི། །ཁྱོད་གྲགས་སྙན་པའི་བ་དན་བཞིན་དུ་བཙུགས། །དེ་ཕྱིར་དུས་མཐར་ལེགས་བཤད་སྦྲང་རྩིའི་གཉེན། །ཐུབ་པའི་ཉི་མ་མ་ལུས་ཟིལ་གནོན་པའི། །ས་གསུམ་འོད་མཛད་འགྲོ་བའི་བླ་མ་གང་། །ཁྱོད་དང་མཚུངས་པའི་སྣང་བ་གཞན་ཡོད་མིན། །སྐྱབས་མཆོག་བླ་མའི་དྲི་མེད་ཆོས་ཀྱི་བཅུད། །དད་བརྩོན་རྣམ་དཔྱོད་བཟང་པོས་ལེགས་སྤྱད་དེ། །དྲིན་ཅན་མར་གྱུར་འགྲོ་ཀུན་སྒྲོལ་བའི་ཕྱིར། །རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ཞེས་བྱ་བ་ལས། ལྷ་སའི་སྨོན་ལམ་ཆེན་མོ་བཙུགས་པའི་སྐོར། ཇོ་བོ་རིན་པོ་ཆེའི་ལྷ་ཁང་དང་རྟེན་རྣམས་ཀྱི་ལོ་རྒྱུས། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་པ་སོགས་བསྟན་འགྲོའི་དོན་ཇི་ལྟར་མཛད་ཚུལ་མདོ་ཙམ་བསྟན་པའི་ལེའུ་སྟེ་དྲུག་པའོ།།

                                                               རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།