རྗེའི་རྣམ་ཐར་ཆེན་མོ་ལས་རྗེའི་མཛད་པ་འཕྲིན་ལས་དཔག་ཏུ་མེད་པ་རྒྱས་པ་དང་ཆོས་ལུགས་དྲི་མ་མེད་པས་བསྟན་འགྲོ་ལ་ཕན་པའི་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 21:44:48     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        བཅུ་གཅིག་པ་རྗེའི་མཛད་པ་འཕྲིན་ལས་དཔག་ཏུ་མེད་པ་རྒྱས་པ་དང་ཆོས་ལུགས་དྲི་མ་མེད་པས་བསྟན་འགྲོ་ལ་ཕན་པའི་ཚུལ་གསུངས་པ་ནི། གཞན་ཡང་བདག་ཅག་གི་རྗེ་བླ་མ་འདི་ནི། སྔོན་དུ་ལེགས་པར་སྤྱད་པའི་རྒྱུའི་སྟོབས་བསམ་གྱིས་མི་ཁྱབ་པ་ཞིག་ལ་གོམས་པར་མཛད་པའི་སྟོབས་ཀྱིས། སྐུ་ཚེ་འདི་ཉིད་ལ་ཆོས་དང་མཐུན་པའི་འཚོག་ཆས་ཀྱིས་ཅུང་ཟད་ཀྱང་བྲེལ་བར་མི་འགྱུར་བ་ལྟ་ཞོག་གི གངས་དང་རིའི་སུལ་དང་བས་མཐའ་དང་དགོན་པའི་གནས་དག་ཏུ་གཅིག་ཏུ་དབེན་པ་ལ་ཐུགས་གཞོལ་བའི་ཚེ་ཡང་།

        དབུས་གཙང་མདོ་ཁམས་རྒྱ་ནག་ཁ་ཆེ་ཚུན་ཆད་ཀྱི་འབྱོར་བའི་ཁྱད་པར་རྨད་དུ་བྱུང་བ་དང་། ཉེ་བར་མཁོ་ཞིང་གྱེན་དུ་བབ་པའི་ཡོ་བྱད་ཀྱི་ཁྱད་པར་གང་ཅི་ཡང་རུང་བ་དག་ཐམས་ཅད། དད་པའི་ཤུགས་ཀྱིས་ཡིད་ཀྱི་བརྟན་པ་ཉམས་པའི་སྐྱེ་བོ་མཆོག་དང་གཙོ་བོ་དང་དམན་པ་དང་བར་མ་དག་གིས་དམ་པ་འདིའི་བསོད་ནམས་ཀྱི་ཞིང་ལ་དགེ་བའི་ལོ་ཐོག་བསྐྲུན་པའི་སླད་དུ་རྒྱུན་མི་འཆད་པར་སྤྱན་ལམ་དུ་བབ་པར་ཉེ་བར་འགོད་པ་དང་། མཆོད་ཅིང་བསྙེན་བཀུར་བའི་ཚུལ་ལ་ནི་སུས་ཀྱང་ཚད་གཟུང་བར་མི་ནུས་ཤིང་། གྲངས་སུ་བརྩི་བར་མི་ནུས་ལ། སྔོན་ཆད་བོད་ཀྱི་དགེ་བའི་བཤེས་གཉེན་ཕྱོགས་ཆེན་པོ་ཅན། གྲགས་པའི་བ་དན་གྱིས་མཛེས་པ་སུ་ལའང་དེ་ལྟ་བུ་བྱུང་བའི་གཏམ་བརྗོད་པ་མེད་དོ། །

        དེ་ལྟ་ནའང་དེ་དག་ཐམས་ཅད། རྒྱལ་པོ་དང་། གཙོ་བོ་དང་། མི་དཔོན་དང་། སྐྱེས་པ་དང་། བུད་མེད་སོགས་ཀྱི་དོ་ར་ལྟ་བུ་དང་། ལན་ལ་རེ་བ་སོགས་ཀྱི་ཆེད་དུ་ཟང་ཟིང་གི་འདུ་འགོད་ལྷུར་ལེན་པས་དང་བས་བྱིན་པ་ཆུད་གཟོན་པར་བྱེད་པ་ལྟ་ཅི་སྨོས་ཀྱི། བདག་ཉིད་ཡོངས་སུ་འཛིན་པའི་དྲི་ཙམ་ཡང་མི་མངའ་བས་བསྟན་པ་འབའ་ཞིག་ལ་དགོངས་པའི་ཐུགས་ཀྱིས་གདུལ་བྱ་མཐའ་ཡས་པ་དག་ལ་ཚད་གཟུང་མི་ནུས་པར་སྦྱིན་པའི་སྐྱོན་ཐམས་ཅད་དང་བྲལ་བར་གཏོང་བ་ལྷུར་མཛད་པས་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་གདུལ་བྱ་མཐའ་དག་རང་རང་གི་སྐལ་བ་དང་འཚམ་པར་སྨིན་ཅིང་གྲོལ་བར་མཛད་ལ།

        གཞན་ཡང་གཙུག་ལག་ཁང་དང་། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དང་། དཀོན་མཆོག་གསུམ་ཀྱི་མཆོད་པ་དང་། བླ་མ་གོང་མ་དག་གི་འདས་མཆོད་ནར་མ་དང་། དེ་བཞིན་གཤེགས་པའི་དུས་མཆོད་ཆེན་པོ་བཞི་ལ་སོགས་པའི་མཆོད་པ་ནར་མ་དང་། ཀློག་པ་དང་སྒྲུབ་པ་ལྷུར་ལེན་པ་བརྒྱ་སྟོང་ཕྲག་མང་པོ་ཞིག་གི་འཚོ་བའི་ཡོ་བྱད་དུ་གཏོང་བ་ལ་སོགས་པའི་ཚུལ་བསམ་པར་མི་ནུས་ཏེ། དེའི་ཕྱིར་དམ་པ་འདིས་སྐུ་ཚེ་རིལ་པོ་ལ། ཡོ་བྱད་འདི་འདྲ་བ་ཞིག་ལ་ཐུགས་ཀུན་ཏུ་ཆགས་པར་གྱུར་ཏོ་ཞེས་བྱ་བའམ། ནས་འབྲུ་གཅིག་ཡར་བཅད་ཀྱི་སྐྱེད་བདག་གིར་མཛད་དོ་ཞེས་བྱ་བའམ། བདག་ཉིད་ཀྱི་འཚོ་བའམ་ཡོ་བྱད་ཀྱི་སླད་དུ་ཞིང་བྲེ་གང་གིས་ཙམ་ཡང་བདག་གིར་མཛད་དོ་ཞེས་གླེང་བའི་སྐབས་ཅུང་ཟད་ཀྱང་མེད་པས། ཚུལ་མ་ཡིན་པའི་ལས་ཀྱི་མཐའ་ཐམས་ཅད་ཐོག་མ་ཉིད་ནས་རང་གི་ངང་གིས་སྤངས་པ་ཞིག་སྟེ། འདི་ནི་འདིའི་རྣམ་པར་ཐར་པ་ཆ་ཕྲ་མོ་ཞིག་ཡིན་མོད་ཀྱི། དེ་ལྟའང་། གངས་རིའི་ཁྲོད་ཀྱི་ཆེན་པོ་དུ་མ་ཞིག་གི་རྣམ་པར་ཐར་བས་འདི་ཙམ་ལ་ཡང་བསྒྲུན་པར་བཟོད་པ་མ་ཡིན་ནོ། །

        དེ་ལྟ་བས་ན། སྔོན་འཕགས་པའི་ཡུལ་དུ་སྟོན་པ་མྱ་ངན་ལས་འདའ་བའི་མཛད་པ་བསྟན་ནས་ལོ་བརྒྱ་ཕྲག་མང་པོ་དག་འདས། སྡུད་པར་བྱེད་པའི་འཕགས་པ་དག་ཞི་བའི་དབྱིངས་སུ་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་ན། ཐེག་པ་ཆེན་པོ་བཀའ་མ་ཡིན་ནོ་ཞེས་སྐུར་བ་འདེབས་པ་དག་གིས་ཁྱབ་པར་གྱུར་ཏེ། རེ་ཤིག་འཕགས་པའི་ཡུལ་དུ་ཐེག་པ་ཆེན་པོ་མིང་ཙམ་ཡང་མ་ལུས་པ་ལྟ་བུར་ནུབ་པར་གྱུར་པའི་ཚེ། འཕགས་པ་ཀླུ་སྒྲུབ་བྱོན་ཏེ། རྒྱལ་བས་ལུང་བསྟན་པ་ལྟར་སྔགས་དང་མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་སྙིང་པོ་མཐའ་དག་གཞི་ནས་གསོས་ཤིང་། ལོག་པར་སྨྲ་བ་ཐམས་ཅད་ཚར་བཅད་དེ། ཐེག་པ་ཆེན་པོའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པས། འཕགས་པའི་ཡུལ་དུ་འཕགས་པ་ཀླུ་སྒྲུབ་རྒྱལ་བ་ཉིད་ལས་ཀྱང་བཀའ་དྲིན་ཆེ་བར་བསྙོན་མི་ནུས་པར་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཕལ་ཆེ་བ་དང་། གྲུབ་ཆེན་ཕལ་ཆེ་བ་དག་མཐུན་པ་ཉིད་དུ་ཡིད་ལ་བརྣགས་ཏེ་འདུག་གོ །

        འཕགས་པའི་ཡུལ་དུ་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་བསྟན་པ་ལ་བྱ་བ་ཆེན་པོ་མཛད་པ་ཇི་ལྟ་བ་དེ་བཞིན་དུ། དུས་ཀྱི་ཐ་མ་འདི་ལྟ་བུར་གྱུར་པ་ན་རྗེ་བླ་མ་འདི་ཉིད་ཀྱིས་གངས་རིའི་ཁྲོད་འདིར་རྒྱལ་བའི་བསྟན་པའི་སྙིང་པོ་མཐའ་དག་རྒྱལ་བའི་དགོངས་པ་ཇི་ལྟ་བཞིན་དུ་གཞི་ནས་བསླངས་ཏེ་གསལ་བར་མཛད་པ་ཡང་ཚུལ་དེ་དང་ཁྱད་པར་མ་མཆིས་པ་ཡིན་པས། སྐྱེས་བུ་དམ་པའི་ངོ་མཚར་བའི་མཛད་པ་ཕུལ་དུ་བྱུང་བ་དག་མཐོང་ཞིང་ཐོས་པ་ཙམ་ཉིད་ནས། དུག་སྦྲུལ་གྱིས་གླ་རྩིའི་དྲི་ཚོར་བ་བཞིན་དུ་ཡིད་ཚེར་མའི་མལ་དུ་ཉལ་བ་ལྟ་བུར་མ་བྱེད་པར་བདག་ཉིད་ལ་རྗེས་སུ་བལྟ་བར་བྱོས་ཤིག །ཅེས་གསུངས་སོ། །

        གསུང་འདི་དག་ནི་རྗེ་རིན་པོ་ཆེའི་ཡོན་ཏན་ཕུལ་དུ་བྱུང་བས་ཀུན་གྱི་གཙུག་རྒྱན་དུ་གྱུར་པ། མཁས་པའི་ཕ་རོལ་ཏུ་ཕྱིན་པ། རྟོགས་པ་ཕུལ་དུ་བྱུང་བ། བསྟན་པ་རིན་པོ་ཆེ་གསོ་བར་མཛད་པ། སྔ་རབས་པ་དག་གི་སློབ་གཉེར་གྱི་ཚུལ། སྔགས་པ་དག་གི་རྩིང་སྤྱོད། དགོན་པ་བ་དག་གི་སྤྱོད་ཚུལ་རྗེ་འདིས་འདུལ་བའི་ལུགས་དག་པར་མཛད་པ། མདོ་ལུགས་དག་པར་མཛད་པ། སྔགས་ལུགས་དག་པར་མཛད་པ། རྣམ་དཀར་གྱི་མཛད་པ་འཕྲིན་ལས་དར་ཞིང་རྒྱས་པ་རྣམས་གསུངས་པ་ཡིན་ཞིང་། བློ་ལྡན་དག་གིས་ཞིབ་ཏུ་དཔྱད་ན་རྗེ་འདིའི་ཡོན་ཏན་གྱི་ཁྱད་པར་ཤེས་པར་འགྱུར་རོ། །

                                                            རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།