རྗེའི་རྣམ་ཐར་ཆེན་མོ་ལས་མདོ་སྔགས་གཉིས་དག་པར་བྱས་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 21:39:27     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུ་པ་མདོ་ལུགས་དག་པར་མཛད་ཚུལ་ནི། དེ་བཞིན་དུ་གང་ཞིག་སྡེ་སྣོད་ལ་ཐོས་བསམ་ལྷུར་བྱེད་པ་དེ་ཉིད་འབའ་ཞིག་ལ་ཞེན་པ་ཆེས་ཆེར་འཐས་པར་གྱུར་བ་གྲགས་པའི་བ་དན་གྱིས་མཛེས་པར་གྱུར་པ་དག་ལའང་། ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་ཚེ། རང་གི་རྒྱུད་འདུལ་བར་བྱེད་པའི་ཚུལ་གཞུང་ལུགས་ཆེན་མོ་དག་ནས་གསུངས་པ་ལག་ཏུ་བླང་བའི་རིམ་པ་འདི་ལྟ་བུའོ། །ཞེས་བྱ་བ་ནི་ཅུང་ཟད་ཀྱང་བསྟན་དུ་མེད་ཅིང་གཞུང་ལུགས་ཆེན་མོ་དག་ན་དེ་ལྟ་བུའི་ཉམས་ལེན་གྱི་གནད་ཡོད་པའི་ཐེ་ཚོམ་ཡང་མེད་པར་གང་གི་ཚེ་རང་ཉིད་ན་སོ་ཡོལ་བའི་ཕོ་ཉས་ཟིན་པས། འཆི་བདག་གི་ཆད་པ་ལ་འཇིགས་པ་ཅུང་ཞིག་སྐྱེས་པར་གྱུར་པ་ན། བླུན་པོ་ཅིའང་མ་བསླབས་པ་རིའི་ཕུག་ཏུ་མི་ཚེ་ཡོལ་བར་བྱས་པ་ཞིག་གི་དྲུང་དུ་སོང་སྟེ། དེས་ཇི་སྐད་གདམས་པའི་ངག་ལས་ཅུང་ཟད་ཀྱང་འདའ་བར་མི་ནུས་ཤིང་། སྔོན་ཆད་ཐོས་བསམ་ལ་ཇི་སྙེད་འབད་པ་བྱས་པ་ཐམས་ཅད་འགྱོད་པ་ལྷུར་ལེན་པའི་ཡུལ་དུ་བྱས་ནས། ཅི་ཡང་ཡིད་ལ་མི་བྱེད་པ་དུད་འགྲོའི་སྒྲུབ་ཐབས་ཧྭ་ཤང་གི་རིང་ལུགས་ལ་གནས་བཞིན་དུ། གསུང་རབ་ཆེན་པོ་རྣམས་འཆི་བའི་ཚེ་དགོས་པ་མེད་པར་འཛིན་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ཤིན་ཏུ་ཆེ་བས་ནོན་བཞིན་དུ་ཚེའི་དུས་བྱེད་པར་འགྱུར་བ་འདི་ཉིད་འབའ་ཞིག་ཏུ་ཟད་པ་ལས། དེང་སང་གི་ཚེ་ཉམས་ལེན་གྱི་གནད་མཐར་ཐུག་པ་སྟོན་པ་ནི་གཞུང་ལུགས་ཆེན་པོ་དག་ཡིན་པར་ཡིད་ཆེས་ནས་ཅུང་ཞིག་ཉམས་སུ་ལེན་པར་འདོད་པ་ནའང་ཚུལ་ཁྲིམས་ལ་གཅེས་སྤྲས་སུ་བྱེད་པ་གཞིར་བྱས་ནས། བསག་སྦྱང་ལ་འབད་དེ་གསུང་རབ་ཆེན་པོ་དག་གི་དགོངས་པ་ཤིང་རྟ་ཆེན་པོ་དག་གིས་བཀྲལ་བ་དང་མཐུན་པར་ཉམས་སུ་ལེན་པ་དགོས་ཀྱི། གཞན་དུ་ན་ངལ་བ་ལྷུར་ལེན་པའི་དཀའ་བ་ཇི་ཙམ་ཞིག་སྤྱད་དུ་ཟིན་ཀྱང་། འབད་པ་འབྲས་བུ་མེད་པ་ཡིན་ནོ་སྙམ་པའི་གོ་བ་རྣམ་པར་དག་པ་ཆགས་པ་དང་། ཚུལ་དེ་དང་མཐུན་པར་ཉམས་སུ་ལེན་པའི་བཤེས་གཉེན་དམ་པ་མཐའ་ཡས་པ་ཞིག་གིས་ཁ་བ་ཅན་གྱི་ཐ་གྲུ་ཀུན་ཏུ་ཁྱབ་པར་གྱུར་ཏེ། ཆོས་མ་ཡིན་པ་ཆེས་ཆེར་ཉམས་དམས་པར་གྱུར་པ་འདི་ཡང་། བདག་ཅག་གི་རྗེ་བཙུན་འདི་ཉིད་འབའ་ཞིག་གི་བཀའ་དྲིན་མཛད་པ་མ་ཡིན་ན། ཡོད་ཀྱང་སྣང་དུ་མི་རུང་བ་སུ་ཞིག་གི་བཀའ་དྲིན་རྗེས་སུ་དྲན་པར་བྱ། ཞེས་སོ། །

        བཅུ་བ་གསང་སྔགས་ཀྱི་ཆོས་དག་པར་མཛད་ཚུལ་ནི། དེ་བཞིན་དུ་དེང་སང་གི་ཚེ་ན་མཚན་ཉིད་ཀྱི་ཆོས་ལ་ཐོས་བསམ་ལྷུར་ལེན་པའི་བཤེས་གཉེན་དག་ཀྱང་། དེ་ཙམ་ཞིག་གིས་ཡིད་མི་ཚིམ་པར་གསང་སྔགས་རྡོ་རྗེའི་ཐེག་པ་ལ་སྤྲོ་བ་ཆེན་པོས་འཇུག་པ་ལྷུར་ལེན་ཞིང་། སྔོན་ཆད་སྔགས་ཀྱི་མན་ངག་མཐར་ཐུག་པ་ནི་རྒྱུད་སྡེ་ལ་ལྟོས་མི་དགོས་པར། བླ་མའི་ངག་ལས་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་ལ། ད་ལྟ་མན་ངག་གིས་རྟོགས་པར་བྱ་བའི་ཟབ་དོན་མཐར་ཐུག་པ་ནི་རྒྱུད་སྡེ་རིན་པོ་ཆེ་རྣམས་ཁོ་ན་ན་ཡོད་པར་རྟོགས་ནས། དེ་རྟོགས་པར་བྱ་བའི་དོན་དུ་རྒྱུད་སྡེ་རིན་པོ་ཆེ་དག་ལ་འབད་པས་དོན་དུ་གཉེར་བ་དང་། སྔོན་ཆད་རྒྱུད་སྡེའི་དགོངས་པ་གྲུབ་ཆེན་གྱིས་བཀྲལ་བ་དང་མཐུན་པའི་མན་ངག་གི་གནད་ཐམས་ཅད་ཕལ་ཆེ་བ་མིང་ཙམ་ཡང་མ་མཆིས་པར་གྱུར་པ་ལས། དེང་སང་གི་ཚེ་རྗེ་བླ་མ་འདི་ཉིད་ཀྱི་གསུང་གི་བདུད་རྩི་མྱང་བ་ལ་བརྟེན་ནས། རང་གི་བརྩོན་པས་སྒོམ་པ་ལ་འགྲུས་པར་བྱས་ན་ནི་གདོན་མི་ཟ་བར་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་ནུས་པའི་མན་ངག་གི་གནད་གྲུབ་ཆེན་གྱི་དགོངས་པ་ལྟར་འཁྲུལ་མེད་དུ་གོ་ནས་བསྐྱེད་རྫོགས་ཀྱི་ལམ་ལ་དཔྱིས་ཕྱིན་པའི་ངེས་པ་རྙེད་ཅིང་ཚུལ་བཞིན་དུ་སྒྲུབ་པ་དང་། དམ་ཚིག་དང་སྡོམ་པ་ལ་གཅེས་སྤྲས་སུ་བྱེད་ཅིང་ལྷའི་རྣལ་འབྱོར་ལ་གནས་པ་དང་། རྒྱུད་སྡེའི་དོན་ལ་མི་འཇིགས་པ་རྙེད་པ་དང་སྐལ་ལྡན་རྗེས་སུ་འཛིན་པའི་རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་ཐོབ་པ་དང་། བསྐྱེད་རྫོགས་ལ་གོམས་པར་བྱས་པས་རྒྱུད་སྡེ་དང་མཐུན་པའི་མྱོང་བ་ཕུལ་དུ་བྱུང་བ་འཁྲུངས་ཏེ། བོད་ལ་གྲུབ་ཐོབ་ཏུ་གྲགས་པ་དུ་མ་ཞིག་གིས་བསྒྲུན་པར་མི་ནུས་པའི་ཏིང་ངེ་འཛིན་བརྟན་པོ་རྙེད་པ་དང་། ལྷག་པའི་ལྷས་བྱིན་གྱིས་བརླབས་ཤིང་བསྙེན་སྒྲུབ་དང་བཟླས་པ་ལ་གོམས་པ་རྨད་དུ་བྱུང་བས། རང་གཞན་གྱི་བདུད་དང་བར་དུ་གཅོད་པ་ཚར་གཅོད་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པ་ལ་སོགས་པ།

        མདོར་ན་རྒྱུད་སྡེ་དང་མཐུན་པའི་རྡོ་རྗེ་འཛིན་པ་སོ་སོར་ཐར་པ་དང་འདུལ་བའི་ཀུན་སྤྱོད་རྣམ་པར་དག་ཅིང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་དག་ལ་ཐེག་པ་ཆེན་པོའི་སྡེ་སྣོད་དང་མཐུན་པར་གཅེས་སྤྲས་སུ་བྱེད་པ། སྡོམ་པ་གསུམ་གྱི་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པས་ཐུགས་རྒྱུད་རྙོག་པ་མེད་པར་ལེགས་པར་གཏམས་པའི་སྡེ་སྣོད་འཛིན་པ་སྟོང་ཕྲག་མང་པོ་ཞིག་གིས། ནུབ་ཕྱོགས་ཛ་ལན་ངྷ་ར་ནས་བཟུང་སྟེ། ཤར་ཕྱོགས་རྒྱ་མཚོ་ཆེན་པོ་ལ་ཐུག་པའི་རྒྱ་ནག་གི་རྒྱལ་ཁམས་ཡན་ཆད་དུ་ཅི་རིགས་པར་ཁྱབ་པར་གྱུར་པ་འདི་ལྟ་བུ་ནི། རྗེ་བླ་མ་འདི་ཉིད་འབའ་ཞིག་གི་རྨད་དུ་བྱུང་བའི་འཕྲིན་ལས་དཔག་པར་དཀའ་བ་ཡིན་ནོ། །ཞེས་སོ། །  

                                                                                                                                               རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།