རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་བླ་མའི་མཁས་པའི་ཡོན་ཏན་ཕུལ་དུ་བྱུང་བ་བྱེ་བྲག་ཏུ་བཤད་པའི་སྐབས་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 21:30:31     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        བདུན་པ་བསྒོམ་སྒྲུབ་བྱེད་མཁན་དག་གི་སྤྱོད་ལམ་འཆལ་བར་གྱུར་པ་གསུངས་པ་ནི། ཡང་གང་ཞིག་རི་ཁྲོད་དགོན་པ་དག་དུ་སོང་སྟེ། དབེན་པའི་གནས་ལ་བརྟེན་ནས་བསམ་གཏན་ལྷུར་ལེན་པར་འདོད་པ་དག་ནི་འདི་སྐད་དུ། མྱོས་པའི་བཏུང་བ་དང་། ཕྱི་དྲོའི་ཁ་ཟས་སྤོང་བ་ལ་སོགས་པའི་འདུལ་བ་ལས་གསུངས་པ་དག་ནི་ཉན་ཐོས་པའི་དབང་དུ་བྱས་པ། ཐེག་པ་འོག་མ་དམན་པ་ལ་མོས་པ་དག་གི་དབང་དུ་བྱས་པ་ཡིན་གྱི། ཐེག་པ་གོང་མ་དང་སེམས་ཀྱི་རང་ངོ་ཤེས་པ་ལ་དེ་འདྲ་འཆིང་བྱེད་ཡིན་པས་དགོས་པ་མེད་དོ་ཞེས་གླེང་ཞིང་། རབ་ཏུ་བྱུང་བའི་ཀུན་ཏུ་སྤྱོད་པ་དག་ཡལ་བར་འདོར་བ་ལ་ཇི་མི་སྙམ་པར་མ་ཟད་ཀྱི། ཁ་ཅིག་ནི་བླ་གོས་དང་མཐང་གོས་ལ་སོགས་པའི་རྟགས་ཀྱང་ཆེད་དུ་འདོར་བར་བྱེད་དོ། །

        དེ་བཞིན་དུ་བསམ་གཏན་ལྷུར་ལེན་པ་ནང་ལ་གཞོལ་བས་ནི། གསུང་རབ་དང་། དགོངས་འགྲེལ་གྱི་བསྟན་བཅོས་དག་ལ་ལྟ་བ་དང་ཉན་པ་ལ་སོགས་པ་ནི་སྤང་བར་བྱ་བ་ཡིན་ཏེ། དེ་དག་ནི་ཕྱིའི་གོ་རྒྱ་གཅོད་པ་ཙམ་མ་གཏོགས་ནང་སེམས་ཀྱི་གནས་ལུགས་སེམས་པའི་ཚེ་རྣམ་པར་གཡེང་བའི་རྒྱུ་ཡིན་ཞིང་། དེ་དག་མེད་ཀྱང་བླ་མའི་མན་ངག་ལས་གནས་ལུགས་རྟོགས་པར་འགྱུར་བས་སོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་དང་། གཟུངས་སྔགས་ཁྱད་པར་ཅན་གྱི་བཟླས་བརྗོད་དང་། ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་ལ་སོགས་པ་སྤྲོས་བཅས་ཀྱི་དགེ་སྦྱོང་དག་དོར་ནས། སྤྲོས་པ་མེད་པ་གནས་ལུགས་ཀྱི་དོན་འབའ་ཞིག་བསྒོམ་པར་བྱ་ལ། གནས་ལུགས་ཀྱི་དོན་སྒོམ་པ་ལ་ནི། རིགས་པའི་རྗེས་སུ་འབྲངས་པའི་ངེས་པ་རྙེད་མི་དགོས་ཀྱི་ཅི་ཡང་ཡིད་ལ་མི་བྱེད་པར་ཐ་མལ་གྱི་ཤེས་པ་སོ་མ་རང་བབས་སུ་བཞག་པས་ཆོག་གོ །ཞེས་བསམ་གཏན་པ་དག་མགྲིན་གཅིག་ཏུ་སྨྲ་བར་བྱེད་དོ། །ཞེས་སོ། །

        བརྒྱད་པ་བསྟན་པ་ཤིན་ཏུ་ཉམས་པའི་དུས་སུ་རྗེ་འདིས་འདུལ་བའི་བསླབ་ཁྲིམས་དག་པར་མཛད་ཚུལ་གསུངས་པ་ནི། དེ་ལྟར་རྒྱལ་བས་ཚུལ་ཁྲིམས་གཞིར་བྱས་ནས་གནས་ལུགས་ཐོས་བསམ་གྱིས་གཏན་ལ་ཕབ་ཅིང་། དེའི་དོན་སྒོམ་བྱུང་གིས་ཡིད་ལ་བྱེད་པའི་བསླབ་པ་གསུམ་གྱི་གོ་རིམ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་གསུངས་པ་དེ་ཉིད་འབད་པས་འགོག་ཅིང་། སྔགས་དང་ཕ་རོལ་ཏུ་ཕྱིན་པ་དང་ཐོས་པ་དང་སྒོམ་པ་ལ་སོགས་པ་ཕན་ཚུན་ཚ་གྲང་ལྟར་འགལ་བར་བསམས་ནས་སུན་འབྱིན་པ་དང་། ཐམས་ཅད་ཀྱིས་ཀྱང་དམ་པའི་ཆོས་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་སྙིང་ཐག་པ་ནས་སུན་འབྱིན་པར་བྱེད་པའི་སྒོ་ནས། ཁ་བ་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་གཟུགས་བརྙན་ཙམ་ཞིག་ལྷག་མར་གྱུར་པའི་ཚེ། རྗེ་བཙུན་རིན་པོ་ཆེ་འདི་ཉིད་དམ་པའི་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེ་ཡོངས་སུ་གྲུབ་པའི་དབུས་བྱང་ཕྱོགས་ཀྱི་རྒྱུད་འདིར་བསྟན་པ་རིན་པོ་ཆེ་གསོ་བའི་སླད་དུ་ཉེ་བར་བྱོན་ཏེ། གོང་དུ་ཇི་སྐད་བརྗོད་པའི་ཚུལ་གྱིས་རང་གཞན་གྱི་དོན་བསམ་གྱིས་མི་ཁྱབ་པ་དག་ལ་རྨད་དུ་བྱུང་བའི་བརྩོན་པ་དྲག་པོ་ལྷུར་མཛད་པས། དེང་སང་གི་དུས་ན། ཐོས་བསམ་པ་དག་གིས་ཐོས་བསམ་ལ་བརྩོན་པ་ལྷུར་བྱེད་པའི་ཚེ་ཡང་བསླབ་པའི་གཞི་ལ་གཅེས་སྤྲས་སུ་བྱེད་པ་དང་། ཁྱད་པར་དུ་ཡང་སྡེ་སྣོད་འཛིན་པ་ཅུང་ཟད་གྲག་པ་སྒོམ་ཕྱིན་ཆད་ཆང་དང་དུས་མ་ཡིན་པའི་ཁ་ཟས་སོགས་འཇོལ་ཉོག་ཏུ་སྤྱོད་པ་ལ་ངོ་ཚ་བའི་གནས་སུ་བྱེད་པ་དང་། སྔོན་དུས་གྲྭ་ས་ཆེན་པོ་དག་གི་རབ་ཏུ་བྱུང་བ་ཕལ་ཆེ་བས་ཀྱང་། གདིང་བ་དང་ལྷུང་གཟེད་ལ་སོགས་པའི་དགེ་སྦྱོང་གི་ཡོ་བྱད་དག་ངོ་ཤེས་པའང་དཀའ་བར་གྱུར་ཅིང་། བླ་གོས་དང་མཐང་གོས་སྣམ་ཕྲན་གླེགས་བུར་སྦྱར་བ་ལ་སོགས་པ་ནི་རྣ་བས་ཀྱང་ཐོས་པར་མ་གྱུར་པ་ལས།

        དེང་སང་ཁ་ཆེ་དང་རྒྱ་ནག་གི་བར་ཐམས་ཅད་དུ། དགེ་སྦྱོང་གི་རྟགས་དང་ཆ་ལུགས་རྣམ་པར་དག་པ་དེ་ལྟ་བུ་དང་། ཆང་དང་ཕྱི་དྲོའི་ཁ་ཟས་སྤོང་བ་དང་། བྱིན་ལེན་དང་རུང་ཆུ་དང་། ནུབ་ལྷག་ཉལ་བསྲུང་བ་སོགས་བསླབ་པའི་གཞི་ཕྲ་མོ་གཅིག་ཡན་ཆད་ལ་ནན་ཏན་དུ་བྱེད་པའི་དགེ་སྦྱོང་ཚུལ་དང་མཐུན་པས་ཁྱབ་པར་གྱུར་པ་འདི་འདྲ་བ་ནི། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རིན་པོ་ཆེ་འདི་འབའ་ཞིག་གི་བཀའ་དྲིན་མ་ཡིན་ན་གཞན་གང་ཞིག་ལ་བརྟེན་ནས་བྱུང་བར་གྱུར་པ་སོམས་ཤིག །ཅེས་སོ། ། 

                                                         རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།