རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་བླ་མའི་མཁས་པའི་ཡོན་ཏན་ཕུལ་དུ་བྱུང་བ་བྱེ་བྲག་ཏུ་བཤད་པའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 21:18:21     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ལྔ་པ་རྗེ་བླ་མ་མ་བྱོན་གོང་དུ་བསྟན་པ་ཤིན་ཏུ་ཉམས་པས་ཐོས་པ་བྱེད་མཁན་དག་གི་སྤྱོད་པ་འཆལ་བར་གྱུར་པ་གསུངས་པ་ནི། དེ་ཡང་སྔོན་ཆད་བོད་འདིར་རབ་ཏུ་བྱུང་བ་དག་གིས་སྒྲུབ་ཅིང་ལག་ཏུ་བླང་བར་བྱ་བའི་ཚུལ་ནི་འདི་ལྟ་སྟེ། གང་ཞིག་ཀློག་པ་ཁ་ཏོན་གྱི་ཚུལ་ལ་ཞུགས་ནས། བསྟན་བཅོས་ཆེན་པོ་དག་གི་ཚིག་བློ་ལ་ལེན་པ་དང་། སློབ་དཔོན་ལས་ལུང་ནོད་པ་དང་། དོན་ཡིད་ལ་སེམས་པ་དང་། བརྒལ་ཞིང་བརྟག་པ་དང་འབེལ་བའི་གཏམ་གྱིས་རྣམ་པར་གཏན་ལ་འབེབས་པ་འཆད་པ་དང་རྩོད་པ་དང་རྩོམ་པའི་སྒོ་ནས་ཐོས་བསམ་ལྷུར་ལེན་པའི་དུས་གང་ཡིན་པ་དེའི་ཚེ་ནི། མྱོས་པའི་ཆང་གི་བཏུང་བ་དང་། དུས་མ་ཡིན་པའི་ཁ་ཟས་དང་། བག་མེད་པའི་རྩེད་མོ་སྣ་ཚོགས་པ་དག་དང་། གླུ་དང་གཞས་དང་བྲོ་གར་ལ་སོགས་པ་ཁྱིམ་པ་ཡ་རབས་ཀྱི་ངང་ཚུལ་ལ་བརྟེན་པ་དག་གིས་ཀྱང་ལག་ཏུ་བླང་བ་ལ་ངོ་ཚ་བའི་གནས་སུ་བྱེད་པ་གང་ཅི་ཡང་རུང་བ་ཐམས་ཅད་ལོངས་སྤྱོད་ཅིང་ལག་ཏུ་ལེན་པ་ནི། ཐོས་བསམ་ལ་ནན་ཏན་ལྷུར་ལེན་པའི་ལུས་གསོ་བ་དང་། ཁམས་བསང་བའི་ཕྱིར་སྐྱོན་མེད་པ་ཡིན་ནོ། །ཞེས་བྱ་བའི་གཏམ་འདི་བཤེས་གཉེན་ཆེན་པོར་རློམ་པ་དག་ནས་བྱིས་པ་ངུར་སྨྲིག་གསར་དུ་བླངས་པ་དག་ཡན་ཆད་ལ་རླུང་ལྟར་གྲགས་པ་ཡིན་ནོ། །

        དེ་བཞིན་དུ་ཐོས་བསམ་ལྷུར་ལེན་པའི་ཚེ་འཐབ་པ་དང་རྩོད་པ་དང་གཡུལ་འགྱེད་པ་དང་། དམག་གི་བྱ་བ་ལ་གནས་ཀྱི་བར་ཐམས་ཅད་ཉམས་སུ་ལེན་པ་ལ་ཡང་། འདི་ནི་བྱ་བ་མ་ཡིན་པ། ཆོས་མ་ཡིན་པ། རབ་ཏུ་བྱུང་བའི་ཚུལ་ཉམས་པར་བྱེད་པའོ་ཞེས་སྨོད་པར་བྱེད་པ་སུ་ཡང་མེད་ཀྱི། གཞན་དུ་ན། ཀློག་པ་ཐོས་བསམ་གྱི་གྲྭར་ཞུགས་ཙམ་ནས་ཕལ་ཆེ་བ་དག་བྱ་བ་མ་ཡིན་པ་དེ་དག་ལ་ཐེ་ཚོམ་ཙམ་ཡང་མེད་པར་ངང་གིས་འཇུག་པ་ལ་སུ་ཡང་ཡ་ང་བ་མེད་དོ། །དེ་ལས་གཞན་པ། ཐོས་བསམ་གྱི་ཚེ་རྒྱལ་བའི་གསུང་རབ་ཀྱི་མཐར་ཐུག་པའི་ལམ་སྟོན་པའི་ཕྱོགས། རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་དང་། དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་དག་ལ་དོན་དུ་གཉེར་ཞིང་སློབ་པར་བྱེད་པ་མཐོང་ན། སློབ་དཔོན་དང་། གྲོགས་དང་། ཉེ་ཞིང་སྙིང་བརྩེ་བར་སེམས་པ་ཐམས་ཅད་ཀྱིས་འདི་ནི་བྱ་བའི་དུས་མ་ཡིན། དགོས་པ་ཆུང་། སྙིང་པོ་མེད་པ་སྟེ། ནམ་ཞིག་ཐོས་བསམ་དང་འཆད་ཉན་གྱི་བྱ་བ་མ་ལྕོགས་པའི་ཚེ། གྲོང་དང་ཉེ་བའི་དགོན་པ་ཞིག་ཏུ་སོང་སྟེ། གཏོར་མ་དང་། ཁྲུས་ཀྱི་ཆོ་ག་དང་། གཤིན་པོ་རྗེས་སུ་བཟུང་བ་ལ་སོགས་པའི་སྒོ་ནས་རང་གི་ལྟོ་བཙལ་བར་བྱ་བའི་ཐབས་ཡིན་གྱི། ད་ལྟ་ནི་ཐོས་བསམ་གྱི་བར་དུ་གཅོད་པ་ཆེན་པོའོ། །ཞེས་རྡོ་རྗེ་འཆང་གི་གོ་འཕང་ལས་འབད་པ་དུ་མས་ཕྱིར་ཕྱོགས་པར་བྱེད་ཀྱི། གང་ཟག་གཅིག་ལ་སྔགས་དང་མཚན་ཉིད་ཀྱི་ཐོས་བསམ་གཞི་མཐུན་དུ་འདུ་བ་ཅུང་ཟད་ཀྱང་མེད་དོ། །ཞེས་སོ། །

        དྲུག་པ་སྔགས་ལ་ཞུགས་པ་དག་གི་སྤྱོད་ལམ་འཆལ་བར་གྱུར་པ་གསུངས་པ་ནི། ཡང་གང་ཞིག་གསང་སྔགས་རྡོ་རྗེ་ཐེག་པ་པར་ཁས་འཆེ་བ་ཞིག་ཡིན་ན་ནི། མྱོས་པར་འགྱུར་བའི་བཏུང་བ་དང་། དུས་མ་ཡིན་པའི་ཁ་ཟས་ལ་སོགས་པ་ལོངས་མ་སྤྱད་པ་ལས་ལྟུང་བར་འགྱུར་ཞིང་དམ་ཚིག་དང་འགལ་བ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་ལོག་པའི་གཏམ་གྱི་སྦྱོར་བ་རྒྱ་ཆེར་སྤེལ་བས་འདོད་ཡོན་ལ་ཆེས་ཆེར་སྲེད་པ་དག་རང་གི་འདོད་པ་དང་མཐུན་པས་ཡིད་ཤིན་ཏུ་རངས་པར་གྱུར་ཅིང་། དེའི་སྟོབས་ཀྱིས་གསང་སྔགས་ཀྱི་ཚུལ་ལ་ཞུགས་ཕྱིན་ཆད་རབ་ཏུ་བྱུང་བའི་ཚུལ་ཁྲིམས་རྩྭ་ལྟར་དོར་ནས། གདུལ་བྱ་དུ་མའི་འདྲེན་པར་རློམ་པ། ཆེན་པོ་དག་གིས་བཀུར་བ་ཡིན་དུ་ཟིན་ཀྱང་། ངུར་སྨྲིག་གི་རྒྱལ་མཚན་དང་བཅས་པ་བཞིན་དུ་བུ་དང་བུ་མོ་དང་ཆུང་མའི་ཚོགས་ཆེན་པོ་མངོན་སུམ་དུ་བབ་པ་ལ། རང་ཉིད་ཀྱང་ཡ་མི་ང་ཞིང་། སུ་ཡང་སྨོད་པར་མི་བྱེད་ལ། དེ་ལྟ་ན་ཡང་རང་གི་སྲིད་དུ་གཏོགས་པ་དག་གི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་འདོད་པ་དག་ཐེ་མི་ཚོམ་པར་སྒྲུབ་པས། རྒྱལ་བའི་བསྟན་པ་ཆེད་དུ་ཉམས་པར་བྱེད་པའི་སྦྱོར་བ་ངན་པ་ལྷུར་ལེན་པས་ཁྱབ་པར་གྱུར་བ་ནི་གསང་སྔགས་པ་ལ་འདོད་པ་སྤྱོད་པ་སྐྱོན་མ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་འཇིག་རྟེན་བསླུས་པ་ཡིན་ནོ། །

        དེ་བཞིན་དུ། གསང་སྔགས་ལ་རིགས་པའི་དཔྱད་པ་དོར་བར་བྱ་བ་ཡིན་ནོ། །ཞེས་བྱ་བའི་བླུན་གཏམ་ཚོགས་སུ་བསྒྲགས་པས། སྡེ་སྣོད་ལ་བློ་ཁ་ཅུང་ཟད་ཀྱང་མ་ཕྱོགས་པའི་གསང་སྔགས་པར་ཁས་འཆེ་བ་དག བླུན་པོ་རང་དང་མཐུན་པས་མགུ། །ཞེས་བྱ་བའི་ཚུལ་གྱིས་ཤིན་ཏུ་ཡ་མཚན་པར་གྱུར་ཏེ། གསང་སྔགས་ལ་རྟོག་གེའི་དཔྱད་པ་བྱར་མེད་དོ། །ཞེས་བྱ་བའི་ཚིག་འདི་ཙམ་ལ་སྐྱབས་སུ་བཟུང་ནས། ཕྱི་རོལ་པའི་གྲུབ་པའི་མཐའ་ལས་ཀྱང་སྨད་པར་བྱ་བའི་ལུགས། ལུང་རིགས་ལ་བློ་ཁ་མ་ཕྱོགས་པའི་བླུན་པོ་དག་གིས་བསམས་ནས་རྙེད་པའི་དོན་ལ། བླ་མའི་མན་ངག་ལས་འོངས་པའི་གསང་སྔགས་ཀྱི་ལམ་གྱི་གནད་མཐར་ཐུག་པའོ། །ཞེས་བསྒྲགས་པས། ཕལ་ཆེ་བ་དག་རྟོག་དཔྱོད་མི་བྱེད་པར་ཚུལ་དེ་ཉིད་ལ་ཡིད་རྟོན་པར་བྱེད་ཅིང་། དེའི་མཐུས་རྒྱུད་སྡེའི་དགོངས་པ་གྲུབ་ཆེན་གྱིས་བཀྲལ་བའི་ལམ་གྱི་གནད་མཐར་ཐུག་པ་དག་མིང་ཙམ་ཡང་མ་ལུས་པར་བྱེད་དོ། །ཞེས་སོ། །

                                                                                                                                རྩོམ་སྒྲིག་པ། མང་ར་བ།
         གསལ་འདེབས། 
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།