རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་བླ་མའི་མཁས་པའི་ཡོན་ཏན་ཕུལ་དུ་བྱུང་བ་བྱེ་བྲག་ཏུ་བཤད་པ་སྐབས་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 21:11:37     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་རེ་གསུམ་པའི་ས་ཕག་ལོའི་དཔྱིད་དང་དབྱར་གྱི་སྐབས་སུ་སྡེ་སྣོད་འཛིན་པ་མཐའ་ཡས་པ་ལ། དཔལ་འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད་ལ་སོགས་པའི་ཆོས་དཔག་ཏུ་མེད་པ་གསུངས་ཤིང་། ཆོས་གནང་བ་རྣམས་རྗེ་ལ་རྒྱུགས་འབུལ་བ་ལ་འཇམ་དབྱངས་ཆོས་རྗེ་འབུལ་བར་མཛད་པ་ཡིན་ལ། ཉིན་གཅིག་མངོན་བརྗོད་ཀྱི་རྒྱུད་ཤོག་གུ་མདའ་ཚད་མ་བཞི་ཡིག་ཕྲེང་དགུ་མའི་བཤད་པ་ཞིབ་པར་གསུངས་པ་ལ། འབྲུ་སྣོན་མཐའ་དཔྱོད་གང་གནང་བ་ཐམས་ཅད་ཐོགས་པ་མེད་པར་བསྐྱར་ནས། །རྗེ་རིན་པོ་ཆེ་དང་བྱམས་ཆེན་ཆོས་རྗེས་བཅས་ཀྱིས་འཇམ་དབྱངས་ཆོས་རྗེའི་ཐུགས་འཛིན་ལ་བསྔགས་བརྗོད་མཛད། བདེ་མཆོག་རྩ་རྒྱུད་ཀྱི་ཊིཀྐ་རྨད་དུ་བྱུང་བའི་རྩོམ་པ་རྫོགས་པར་མཛད།

        ལོ་སྔ་མར་མགོ་བརྩམས་པའི་པར་བརྐོ་བ་རྣམས་ཀྱང་ལེགས་པར་གྲུབ་པོ། །མཚམས་འདིར་རྣམ་ཐར་དད་པའི་འཇུག་ངོགས་ལས། རྗེ་རིན་པོ་ཆེའི་ཡོན་ཏན་ཕུལ་དུ་བྱུང་བ་རྣམས་དང་། རྗེ་རིན་པོ་ཆེ་འབྱོན་པའི་དུས་སུ་བསྟན་པ་ཇི་ལྟར་ཉམས་པའི་ཚུལ་དང་། རྗེ་བླ་མས་བསྟན་པ་རིན་པོ་ཆེ་ཇི་ལྟར་གསོ་བར་མཛད་པའི་ཚུལ་རྣམས་གསུངས་སོ། །

        དེ་ལ་དང་པོ་རྗེའི་ལུང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བས་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་པའི་ཚུལ་ནི། རྣམ་ཐར་ཆེན་མོ་དེ་ཉིད་ལས། མདོར་ན་བདག་ཅག་རྣམས་ཀྱི་འདྲེན་པ་འཇིག་རྟེན་མ་ལུས་པའི་མིག་གཅིག་པུ་འདི་ནི། ལྷག་པའི་ལྷས་དངོས་སུ་རྗེས་སུ་བཟུང་བས། དགེ་ལེགས་ཐམས་ཅད་ཀྱི་རྩ་བ་ཐེག་པ་ཆེན་པོའི་ཡོངས་སུ་འཛིན་པས་ཉེ་བར་བཟུང་བའི་ཚུལ་ལ་འགྲན་པའི་ཟླ་དང་བྲལ་ཞིང་། སྡོམ་པ་གསུམ་གྱི་བཅས་པ་ཕྲ་ཞིང་ཕྲ་བ་ཡང་མིག་གི་འབྲས་བུ་ལྟར་གཅེས་པར་འཛིན་པས། ཐུབ་པའི་བརྟུལ་ཞུགས་འཛིན་པ་ཐམས་ཅད་ཀྱི་ཅོད་པན། རྟག་ཏུ་བསྟན་པ་དང་སེམས་ཅན་འབའ་ཞིག་ལ་དགོངས་པ་ཐེག་པ་ཆེན་པོའི་ལྷག་བསམ་རྣམ་པར་དག་པའི་རྒྱལ་སྲས་ཀྱི་སྙིང་སྟོབས་རླབས་པོ་ཆེའི་གཞན་དབང་དུ་གྱུར་པས། སྒོ་གསུམ་ཀྱི་ཀུན་ཏུ་སྤྱོད་པ་ཕྲ་ཞིང་ཕྲ་བ་ཙམ་ཡང་དོན་དུ་མ་གྱུར་པའི་གོ་སྐབས་མི་མངའ་བ། རིགས་ལམ་དུ་ངལ་བ་བརྒྱ་ཕྲག་ལྷུར་བྱས་པའི་མང་དུ་ཐོས་པ་བློའི་ནུས་པ་མཆོག་ཏུ་གྱུར་པ་ཇི་ཙམ་གྱིས་ལེགས་པར་བརྟགས་ཀྱང་གཏིང་དཔོག་པར་རྔོ་ཡང་མི་ཐོགས་པའི་བློ་གྲོས་ཀྱི་ལུས་ཡོངས་སུ་རྫོགས་ཤིང་། རིགས་པ་དྲི་མ་མེད་པའི་ལམ་ལ་ལེགས་པར་སྦྱངས་པའི་ཉེར་ལེན་དམ་པ། བསག་སྦྱང་མཐའ་ཡས་པའི་གྲོགས་ཀྱིས་རྒྱུན་ལྡན་དུ་བསྐྱངས་ཤིང་། མང་དུ་ཐོས་པའི་ལྷན་ཅིག་བྱེད་རྐྱེན་བསམ་གྱིས་མི་ཁྱབ་པས་ཟིན་པར་མཛད་པས། རྒྱལ་བའི་དམ་ཆོས་མ་ལུས་པ་རྒྱལ་བའི་དགོངས་པ་བཞིན་དུ་འགྲེལ་བར་རྒྱལ་བ་ཉིད་ཀྱིས་ལུང་བསྟན་མཛད་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་དགོངས་དོན་འབྱེད་པ་ལ་འཁྲུལ་བའི་དྲི་མ་ཙམ་ཡང་མི་མངའ་བས། བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་འཛིན་པ་ཐམས་ཅད་ཀྱི་ནང་ན་སྟོན་པ་གཉིས་པ་ལྟ་བུར་གྱུར་པ་ཡིན་ཏེ། དེ་ཡང་ཚུལ་འདི་ནི་གཅམ་བུའི་ངག་གམ་སྙན་དངགས་ཀྱི་གཏམ་གྱིས་རབ་ཏུ་བཏགས་ཏེ་བརྗོད་པ་མ་ཡིན་གྱི། ཁོ་བོ་ཅག་གིས་མི་འཁྲུལ་བའི་ཚད་མས་ལེགས་པར་གྲུབ་པ་ཡིན་ནོ། །ཞེས་སོ། །

        གཉིས་པ་རྗེ་བླ་མའི་མཁས་པའི་ཡོན་ཏན་ཕུལ་དུ་བྱུང་བ་བྱེ་བྲག་ཏུ་བཤད་པ་ནི། དེ་ཉིད་ལས། འདི་ཅིས་མངོན་ཞེ་ན། ཇི་ལྟར་རྒྱལ་བས་ལུང་བསྟན་མཛད་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དག་གི་གཞུང་ལུགས་རྣམས་ལ། རིགས་པའི་དབང་ཕྱུག་དག་གིས་ཇི་ཙམ་དཔྱད་ཀྱང་ཁས་བླངས་སྔ་ཕྱི་འགལ་བ་སོགས་དྲི་ཙམ་ཡང་བརྟག་པར་མི་ནུས་པ་ལྟར། བདག་ཉིད་ཆེན་པོ་འདིས་ཀྱང་། མདོ་སྡེ་དང་རྒྱུད་སྡེའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཤིན་ཏུ་མང་པོ་འདི་ཙམ་ཞིག་མཛད་པ་ཐམས་ཅད་ལའང་། བདག་ཅག་གི་དགེ་བའི་བཤེས་ཀྱི་གསུང་ཡིན་པ་རྒྱུ་མཚན་དུ་ཉེ་བར་བཀོད་པའི་རང་གི་ཡིན་པའི་འདུ་ཤེས་ཀྱིས་སྒྲོ་འདོགས་པ་དང་། ཡིད་ཕྲག་དོག་གི་དུག་ཆུས་ཆེས་ཆེར་མྱོས་པས་སྐྱོན་གདགས་པར་འདོད་པ་འབའ་ཞིག་གི་སེམས་ཀྱིས་སྐུར་བ་འདེབས་པ་གཉིས་ཀ་སྤངས་ཏེ། དྲི་མ་མེད་པའི་རིགས་པའི་ལམ་ནས་འོངས་པའི་བློས་ཇི་ཙམ་ལེགས་པར་བརྟགས་ཀྱང་། རྒྱུད་སྡེ་གོང་འོག ཐེག་པ་ཆེ་ཆུང་། གྲུབ་པའི་མཐའ་སོ་སོ་ལ་སོགས་པ་གང་ཡིན་པ་དེའི་གཞུང་ལུགས་དེ་དང་དེ་ལས་ཕྱི་རོལ་ཏུ་གྱུར་བ་ལུང་དང་རིགས་པ་འདིས་མངོན་ནོ། །ཞེས་བྱ་བའམ།

        ལུགས་དེ་ཉིད་གཞིར་བྱས་པ་ལའང་རང་ཚིག་འགལ་བའི་ཉེས་པ་ཇི་ལྟ་བུས་རེག་གོ་ཞེས་བྱ་བའི་དྲི་ཙམ་ཡང་བརྟག་པར་མི་ནུས་པ་མངོན་སུམ་གྱིས་གྲུབ་པ་འདི་ཉིད་འདིའི་རིགས་པ་ཡང་དག་པ་ཡིན་ནོ། །དེའི་ཕྱིར་ཚུལ་འདི་ནི། ཇི་འདྲ་བའི་མཁས་པ་རྨད་དུ་བྱུང་བ་གྲགས་པའི་བ་དན་གྱིས་མཛེས་པར་བྱས་པ་སྔོན་བྱོན་པའི་ཆེན་པོ་དག་ལའང་། རང་རང་གི་གཞུང་ལུགས་ལ་རྣམ་པར་དཔྱད་ན། ལུགས་དེ་ཉིད་གཞིར་བྱས་པ་རང་ཚིག་འགལ་བའི་ཉེས་པ་ལན་གཅིག་མ་ཡིན་པར་འབབ་པ་དག་མཐོང་བ་ལགས་ན། བདག་ཉིད་ཆེན་པོ་འདིའི་བློ་གྲོས་དང་མཁྱེན་རབ་རྨད་དུ་བྱུང་བ་ལ་བསྒྲུན་པར་བཟོད་པའི་བཤེས་གཉེན་ནི་སྔོན་ཆད་གངས་རིའི་ཁྲོད་འདིར་ལན་གཅིག་ཀྱང་མ་བྱོན་པ་ཉིད་དུ་ཁོ་བོས་ཡིད་ཆེས་པའི་ཚད་མས་གྲུབ་པ་ཡིན་ནོ། །ཞེས་སོ། །

        གསུམ་པ་ཚུལ་བཞིན་བསྒྲུབ་པ་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་བཤད་པ་ནི། དེ་ཉིད་ལས། དེ་ལྟ་མོད་ཀྱི་ཇི་ཙམ་མང་དུ་ཐོས་པ་དེ་ཙམ་དུ། དེ་དང་དེའི་དོན་ཐུགས་ཉམས་སུ་བསྟར་ནས་སྒྲུབ་པ་སྙིང་པོར་མཛད་པས་བསླབ་པ་གསུམ་གྱི་མངོན་པར་རྟོགས་པའི་ཡོན་ཏན་གྱི་ཆ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་འདི་ནི་དེ་བས་ཀྱང་དཔག་པར་དཀའ་བའི་ཡོན་ཏན་གྱི་ཕུང་པོ་ཡིན་ནོ། །ཞེས་སོ། །བཞི་པ་བསྟན་པ་ཉམས་པ་གསོས་པའི་ཚུལ་མདོར་བསྟན་པ་ནི། དེ་ལྟར་རྗེ་བཙུན་རིན་པོ་ཆེ་འདི་ཉིད་ཀྱིས་ཁ་བ་ཅན་གྱི་ལྗོངས་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་རྣམ་པར་དག་པའི་སྲོལ་ཆེན་པོ་རྨད་དུ་བྱུང་བས་གཞི་ནས་བཙུགས་ཤིང་། ཆེས་ཆེར་རྒྱས་པར་མཛད་པ་ཡིན་ཏེ། ཞེས་སོ། །

                                                           རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།