རྗེའི་རྣམ་ཐར་ཆེན་མོ་ལས་བུ་སློབ་དག་ལ་གནང་བའི་གདམས་ངག་འགའ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-17 20:23:29     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་སྤྱན་སྔ་དཔལ་བ་ལ་གནང་བ་ནི། སྭསྡི། གྲུབ་པས་བསྟེན་པའི་རི་བོའི་ངོས་དག་ཏུ། །དྲང་སྲོང་ཆེན་པོའི་སྤྱོད་པས་རབ་མཛེས་ཤིང་། །མཐའ་ཡས་འགྲོ་བ་འདྲེན་དེའི་ཞབས་ཟུང་ནི། །གདུལ་བྱའི་གཙུག་ན་རིང་དུ་བརྟན་གྱུར་ཅིག །གངས་ཅན་ངུར་སྨྲིག་འཛིན་པའི་ཅོད་པན་སྟེང་། །གང་ཞིག་ཞབས་པད་རྣམ་མཛེས་དེ་དྲུང་དུ། །ཐུབ་པའི་རྗེས་སུ་སློབ་པའི་སྤོང་པ་བ། །བདག་གིས་གུས་པའི་ཡིད་ཀྱིས་འདི་སྐད་ཞུ། །ཐོས་ན་རྣ་བ་ཚིམ་བྱེད་དོན་བསམས་ན། །ཡིད་ལ་དཔལ་སྟེར་བཀའ་སྩལ་འཕྲིན་ཡིག་ནི། །བཟང་མང་སྐྱེས་དང་བཅས་པ་བཀའ་བཞིན་དུ། །བསྒྲུབ་པ་དེ་ཡིས་བདག་གི་གམ་དུ་འཕྲོད། །དེ་ཚེ་ཡིད་ཀྱི་དཔག་བསམ་ལྗོན་པ་ནི། །དགའ་བའི་དྲི་ཡི་བཞོན་པས་རབ་ཏུ་བསྐྱོད། །ལྷུན་པོ་ལྟ་བུར་ཆེས་ཆེར་བརྟན་པའི་ལུགས། །ཅུང་ཟད་ཙམ་དུ་གཞན་གྱིས་མི་གཡོ་བའི། །ཚུལ་འདི་མགོན་པོ་ཁྱོད་ཀྱི་རང་བཞིན་དུ། །མཐོང་ནས་རེ་ཤིག་མཇལ་བར་མ་བགྱིས་ལགས། །བསྟན་པ་རིན་ཆེན་རྒྱས་པའི་ཁུར་བཞེས་པ། །བདག་འདྲས་བསྐུལ་བར་གྱུར་ལ་ལྟོས་ཅི་འཚལ། །མགོན་ཁྱོད་འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ། །ཞབས་བརྟན་སླད་དུ་སྲས་བཅས་རྒྱལ་བ་ལ། །གསོལ་བ་འདེབས་ཤིང་སྨོན་ལམ་དྲི་མེད་ཚོགས། །ཡང་དང་ཡང་དུ་འབད་པས་བགྱིད་པར་ཞུ། །ས་ག་ཟླ་བའི་ཚེས་བཅུ་བཞི་ལ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །ཅེས་པ་འདི་སྤྱན་མངའ་དཔལ་བ་ལ་མཛད་པའོ། །ཞེས་པའོ། །

        ཡང་བྱང་ཆུབ་བླ་མ་ལ་གནང་བ་ནི། ཨོཾ་བདེ་ལེགས་སུ་གྱུར་ཅིག སྨྲ་བ་ཟླ་མེད་ཤཱཀྱའི་རིགས་ཀྱི་གཙོ། །ཀུན་གྱི་སྐྱབས་གཅིག་བཅོམ་ལྡན་ཐུབ་པ་ཆེ། །རྒྱལ་སྲས་ཀུན་གྱི་གཙུག་ན་ལྷམ་མེ་བ། །འཇམ་པའི་དབྱངས་ཀྱིས་ཁྱེད་ལ་རྟག་ཏུ་སྐྱོངས། །སྔོན་བསགས་ཤིན་ཏུ་དཀར་བའི་ལས་བཟང་གིས། །ཡོངས་སུ་དྲངས་པའི་མཐོ་རིས་དཔལ་ཡོན་ཅན། །བསྟན་འདི་རིན་ཆེན་རྒྱས་པའི་ཁུར་འཛིན་པ། །བཤེས་གཉེན་ཆེན་པོ་ཆོས་ཀྱི་རྒྱལ་པོ་རྒྱལ། །སྐྱེ་དགུ་རྣམས་ཀྱི་བདེ་ལེགས་སྒོ་གཅིག་པུ། །ཐུབ་པའི་བསྟན་ལ་སྙིང་ནས་གུས་པ་ཡིས། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་ཐུགས་མངའ་བ། །དཔལ་ལྡན་ངྷརྨྨཱ་ར་ཛ་ཞབས་བརྟན་ཅིག །དེ་ལྟར་བདེ་ལེགས་སུ་བྱེད་པའི་ངག་སྔོན་དུ་བཏང་ནས་སྐབས་ལ་འཇུག་པ་ནི། སྔོན་གྱི་མཛད་པ་བཟང་པོའི་མཐུ་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་དཔལ་གྱིས་ནི་མངོན་པར་མཐོ། བསྟན་པ་ཁོ་ན་ཕན་བདེའི་རྩ་བར་གཟིགས་ནས། ཐུབ་པའི་བསྟན་པ་ཕྱོགས་ཀུན་ཏུ་རྒྱས་པར་མཛད་པའི་ཁུར་ཆེན་པོ་ནི་བསྣམས། བླང་དོར་གྱི་གནས་ལ་རྣམ་དཔྱོད་རྒྱས་པའི་རྣམ་པར་དཀར་བའི་མཛད་པ་ཕྱོགས་ཀུན་ཏུ་གཡོ་བ་ལས། །སྔོན་ཚེ་བསྟན་པ་དར་རྒྱས་ཆེར་བྱུང་ཡང་། ཕྱི་ནས་དུས་ཀྱི་དབང་གིས་ཆེར་ཉམས་པས་ད་ལྟ་མཐའ་འཁོབ་མི་བཟད་པར་གྱུར་པའི་མདོ་སྨད་ཅེས་བྱ་བའི་རྒྱལ་ཁམས་ཆེན་པོ་དེར། ལྷ་མིའི་བསོད་ནམས་ཞིང་གི་མཆོག །ཐུབ་པའི་བརྟུལ་ཞུགས་ལེགས་བཟུང་ནས། །ལུང་གི་བསྟན་པ་འཛིན་པའི་གཞི། །ཆོས་སྡེ་ཆེན་པོ་རྣམ་པ་ལྔ། །ཉིད་ཀྱིས་ལེགས་པར་བཙུགས་སོ་ཞེས། །བཀའ་སྩལ་གསུང་ཡིག་འཕྲོད་པའི་ཚེ། །ཡིད་ནི་དགའ་བས་བསྐྱོད་པ་ལས། །སྙིང་ནས་ངོ་མཚར་ཆེན་པོ་སྐྱེས། །བཀའ་སྩལ་གྱི་རྟེན་ལིང་དུར་ཁའི་བླ་གོས་གཅིག གོས་ངུར་ཁའི་ཟླ་གམ་གཅིག ཁ་བཏགས་དཀར་པོ་གཅིག ཆུ་ཤེལ་གྱི་ཕྲེང་བ་བརྒྱ་རྩ་གཅིག བསིལ་ཇ་རྒྱ་མ་ལྔ་བཅུ་རྣམས་བླ་མ་འབྱུང་གནས་རྒྱལ་པོས་འཕྲོད་ཅིང་། དབུས་གཙང་གི་ཆོས་སྡེ་ཆེ་ཆུང་ཐམས་ཅད་དུ་མང་བསྐོལ་འབུལ་ནོར་དང་བཅས་པ་བསྐུར་བ་ལས། དགོན་པ་འདིར་ཡང་དགེ་འདུན་ལ་མང་བསྐོལ་ཚ་བྲ་དང་བཅས་པའི་ཆས་བསྐུར་བ་རྣམས་ཀྱང་ཚང་མར་འཕྲོད་ལགས། ཆོས་སྡེ་བཙུགས་པ་དང་དགེ་འདུན་མཐའ་ཡས་པ་ལ་བསྙེན་བཀུར་མཛད་པའི་དགེ་རྩ་རྣམས་ཀྱང་། ཆོས་ཀྱི་རྒྱལ་པོ་ཆེན་པོ་ཡབ་སྲས་སྐུ་ཚེ་རིང་ལ། ཆབ་སྲིད་བརྟན་པའི་དོན་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་དུ་བསྔོ་བ་དང་སྨོན་ལམ་གྱིས་གསུང་བ་འདུག་པ་བཞིན་དུ་ཆོས་སྤྱོད་དག་པོ་བགྱིས་ཏེ་སྨོན་ལམ་རྣམ་དག་གིས་རྒྱས་བཏབ་བདོག་ལགས།

        ད་དུང་ཡང་ཆོས་སྡེ་བཙུགས་པ་ལྔ་པོ་ལ། དད་ཚུགས་ལ་གཞི་བྱས་པའི་རྣམ་པར་དག་པའི་གཞུང་ལ་ཐོས་བསམ་བྱེད་པ་རྣམས་ཡར་འཕེལ་དུ་གྱུར་ནས། ཕྱོགས་ཀུན་ཏུ་སྙན་པ་རྒྱས་པའི་ཐབས་ལ་ཐུགས་ཀྱིས་བསྙེལ་བ་མི་མངའ་བའི་ཁུར་ཆེན་པོ་བསྣམས་པར་ཞུ་ཞུ། ཅི་ཕྱིར་ཞེ་ན་དལ་འབྱོར་ཐོབ་པ་ལ་སྙིང་པོ་ལེན་པའི་ཐབས་ལ་དེ་མཆོག་ཅེས་སྲས་བཅས་རྒྱལ་བས་ཡང་དང་ཡང་གསུངས་ཕྱིར། འདི་ལ་བརྩོན་པ་ལྷོད་པར་རིགས་པ་མིན། སྐབས་དོན་གཉིས་པ། དྲུང་པའི་ཐུགས་བཞེད་རྨད་དུ་བྱུང་བ་ཆེན་པོ་ཅིག་སྒྲུབ་པ་ལ། བླ་མ་བསོད་ནམས་བཟང་པོ་བ་མངགས་པ་ལ་ད་རེས་ཀྱི་དོན་རྣམས་ལེགས་པར་གྲུབ་པའི་རྒྱུ་མཚན་ཞིབ་པར་ཞུ་ཡིག་ལོགས་ན་ཡོད་པ་གསལ་ལགས། ཞེས་ཆུ་སྟོད་ཀྱི་ཟླ་བའི་ཉེར་གཉིས་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཞུས་པ་སྤྱན་ལམ་དུ་བབ་པའི་རྟེན་མཚོན་ཙམ་དུ། ཉང་སྟོད་ཀྱི་ཕྲུག་ངུར་དམར་ལྔ་ལྡན་སྣམ་ལེགས་པར་འདོད་པ་གཅིག་དང་། སྲབ་མོ་དཀར་པོ་བུབས་གཅིག གཙུག་ཞྭ་དམར་པོ་གཅིག་རྣམས་ལ་ཐེའི་ཙེ་འབྱར་བ་འབུལ་བ་དགེ་ལེགས་སུ་གྱུར་ཅིག ཅེས་པའང་འདི་ནི་རྗེ་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་བྱང་ཆུབ་བླ་མ་ལ་གནང་བའོ། །

        ཡང་བྱར་བ་བདག་པོ་ལ་གནང་བ་ནི། རིགས་བཟང་ཁེངས་དང་ང་རྒྱལ་བྲལ་བ་དང་། བློ་བཟང་གྱ་གྱུ་མེད་པ་དང་། འབྱོར་ལྡན་ངེས་པར་འབྱུང་འདོད་པ། །ཁྱོད་ཀྱིས་སྤྲིངས་པའི་ཡི་གེ་ནི། །ཀ་རའི་རྟེན་དང་བཅས་པ་དག །བདག་གི་གམ་དུ་ལེགས་པར་ཕྱིན། །ཉིད་ཀྱི་རྣམ་དག་སྨོན་པའི་གནས། །བཞེད་པ་ཇི་ལྟར་འགྲུབ་གྱུར་ཅིག །ཤིན་ཏུ་མི་བརྟན་སྲིད་པའི་དཔལ། །སྲིད་ལམ་བགྲོད་པས་དུབ་པ་ལ། །ངལ་གསོའི་གནས་ནི་དམ་པའི་ཆོས། །དེ་དོན་ཇི་བཞིན་སྒྲུབ་པའི་གེགས། །ཕུང་ཁྲོལ་རྩ་བ་ཁྱིམ་གྱི་གནས། །དེ་ལྟར་རིག་ནས་སྙིང་པོ་མཆོག །ལེན་པར་བྱེད་པ་མཁས་པས་བསྔགས། །ལྷག་མ་མི་ཡི་ཤ་ཚུགས་ཙམ། །ཞེས་པ་འདི་ལ་སྟོད་བྱང་བ་དཔོན་བསོད་ནམས་རྒྱལ་མཚན་པ་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་གདམས་པའོ། །ཞེས་པའོ། །  

                                                                                                                                        རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།