རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་རྗེ་ལ་གནང་བའི་ཆབ་ཤོག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-17 20:15:09     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་དགུན་སྨད་ཀྱི་སྐབས་ཤིག་ཆོས་སྐྱོང་འདི་རྣམས་ལའང་གཏོར་མ་འབུལ་བའི་དུས་དབྱངས་ཀྱི་ང་རོ་དང་བཅས་ཤིན་ཏུ་དགྱེས་པར་འདུག་པས་འདི་བཞིན་བྱེད་པ་ཡིན་གསུངས་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྤྱན་འདྲེན་པ་དང་། བསྟོད་ཅིང་བསྐུལ་བ་སོགས་ཀྱི་དབྱངས་བཞི་མཛད། དེ་དུས་ནུབ་ཅིག་སྐུ་དྲུང་ན་གནས་པ་བསྙེན་སྒྲུབ་སོགས་ལ་བརྩོན་པ་ཞིག་གི་རྨི་ལམ་དུ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་ཤིན་ཏུ་བརྗིད་ཅིང་ཆེ་བ་ཞིག་ཕ་ཚད་ནས་བྱོན་ནས་བསྟོད་པའི་དབྱངས་འདི་ལྟར་གྱིས་ལ་ཐེན་ཞིག་གསུངས་ནས་ཁོང་རང་གིས་འཐེན་གྱིན་འདུག་པས་ས་དང་རི་བོ་ཐམས་ཅད་བེར་རེ་རེ་འོང་གིན་འདུག་པ་ཞིག་རྨིས་འདུག གཞན་ཡང་དེ་འདྲ་བའི་རྨི་ལྟས་འགའ་རེ་ལ་བྱུང་། དེའི་ཕྱིར་ཆོས་རྒྱལ་ནང་སྒྲུབ་ཀྱི་བསྟོད་པ་བརྐྱངས་བསྐུམས་མའི་དབྱངས་ཆེན་ལ་གཤིན་རྗེ་ངར་དབྱངས་དང་གཤིན་རྗེའི་འཐེན་དབྱངས་ཞེས་བརྗོད་པའི་རྒྱུ་མཚན་ནི་དེ་ཡིན་ནོ། །

        དེ་ནས་དབྱངས་སྦྱང་པ་རྣམས་ལའང་འདིའི་གཏོར་མ་མ་བཤམས་པར་དབྱངས་བྱ་མི་རུང་བར་འདུག་པས་མ་བྱེད་གསུང་། སྐབས་ཤིག་ཏུ་དེའི་རྒྱུ་མཚན་ཇི་ལྟ་བུ་མཆིས་ཞེས་ཞུས་པས་ལར་རང་གཤིན་རྗེ་ཆོས་རྒྱལ་འདི་ཁོང་རང་གི་སྐུའི་རྣམ་པ་ཇི་ལྟ་བས་ཀྱང་མང་དུ་འོང་། ཁྱད་པར་སྐུ་དྲུང་ན་ཞབས་ཏོག་ལ་རྒྱུན་པར་ཡོད་པ་གང་ཡང་རུང་བ་རེའི་གཟུགས་བྱད་དུ་བྱས་ནས་གཟིམས་ཁང་གི་ནང་དུ་ཕར་འགྲོ་ཚུར་འགྲོ་དང་སྐུ་མདུན་སོགས་སུ་བྱ་བྱེད་མང་པོ་བྱེད། སྙན་དྲུང་དུ་ཤུབ་ཤུབ་ཀྱི་ཞལ་ཏ་ཞུ་བའི་རྣམ་པ་ཅན་བྱས་ནས་གཏམ་མང་པོ་སྨྲ་བ་ཞིག་ནར་མར་འོང་། དེ་གཟིམས་ཁང་ན་ནར་མར་གནས་པ་མང་པོས་ཀྱང་མཐོང་བ་འོང་ཞིང་། དེའང་གང་གི་གཟུགས་སུ་བསྒྱུར་བ་དེར་འཁྲུལ་ནས་གཞན་ཆོས་ངོ་མི་ཤེས་པ་ཞིག་འོང་། ཁ་སང་ནས་དབྱངས་བྱེད་པའི་དུས་ཐམས་ཅད་དུའང་དེ་འདྲ་ཞིག་འོངས་ནས་ལབ་ལབ་རང་བྱེད། གཏོར་མ་སྟེར་དགོས་པར་འདུག གཏོར་མ་བྱས་ན་དབྱངས་ཀྱི་ང་རོ་བྱས་པའི་ཚེ་དགའ་བའི་རྣམ་འགྱུར་སྣ་ཚོགས་བྱེད་པ་འདུག་ཅེས་གསུང་ངོ་། །ཆོས་སྐྱོང་གི་བསྐང་གསོ་སོགས་ལ་རོལ་མོ་དང་དབྱངས་བྱེད་པའི་དགོས་པ་འདིས་ཤེས་པར་བྱའོ། །

        ཡང་བླ་མ་ལེགས་བཟང་པས་མཛད་པའི་རྣམ་ཐར་ལས། དམ་ཅན་ཆོས་རྒྱལ་འདི་ནི་རྗེ་བླ་མ་དགུང་ལོ་སོ་དྲུག་པར་འཇམ་དབྱངས་བསྒྲུབས་པའི་དུས་དེ་ནས་རྗེ་འདི་ལ་ཐུགས་ཉེ་ཞིང་། རྗེའི་འཕྲིན་ལས་ལ་འགྲོ་འོང་བྱེད་པ་དག་ལ་བསུ་སྐྱེལ་ཡང་མཛད། ཁྱད་པར་དུ་རྗེ་བླ་མ་ལ་སྙིང་ནས་དད་པ་རྣམས་ལ་ལྷག་པར་གྲོགས་བྱེད་ཅིང་སྲུང་སྐྱོབ་མཛད་དོ། །ཞེས་གསུངས་ལ། དོན་འདི་ལེགས་པར་དཔྱད་ནས་ཤེས་དགོས་སོ། །ཡང་སྐབས་དེ་ནས་རྗེས་བརྩམས་པའི་ཆོས་རྣམས་པར་དུ་བསྒྲུབ་པའི་དགོངས་པ་དང་སྟ་གོན་མཛད་ནས། དཔལ་གསང་བ་འདུས་པའི་རྩ་རྒྱུད་འགྲེལ་པ་སྒྲོན་གསལ་བཅས་པར་དུ་བརྐོ་བའི་མགོ་བརྩམས་སོ། །

        ཡང་སྐབས་ཤིག་མཁས་གྲུབ་རྗེ་ལ་གནང་བའི་ཆབ་ཤོག་ནི། ཨོཾ་བདེ་ལེགས་སུ་གྱུར་ཅིག གྲགས་པའི་རི་བོ་མཐོན་པོ་ལ་འཛེགས་པའི། །དུ་མའི་འགྲོ་བས་གང་གི་ཞབས་མཆོད་པ། །རྗེ་བཙུན་མཁྱེན་པའི་གཏེར་དེའི་མཛད་པ་ཡིས། །ཁྱེད་ཀྱི་ཕུན་ཚོགས་ཀུན་ནས་སྐྱོང་གྱུར་ཅིག །དྲི་ཞིམ་པད་མས་རྐང་དྲུག་དང་། །མཛེས་པའི་ལང་ཚོས་སྲེད་ལྡན་བཞིན། །སྣང་བརྙན་གསར་བའི་ཕྲིན་ཡིག་གིས། །ཡིད་རབ་འཕྲོག་ཕྱིར་འདི་སྐད་བརྗོད། །རྣ་བ་ཐོས་པའི་བང་མཛོད་མགྲིན་པ་ལེགས་བཤད་གཏེར། །སྤྱི་གཙུག་དམ་པ་ལ་འདུད་ཚུལ་ཁྲིམས་གོས་ཀྱིས་ཀླུབས། །དམ་པའི་ཡིད་འཕྲོག་རྒྱན་བཟང་དུ་མས་རབ་སྤུད་པ། །མཁས་པའི་བཤེས་ཁྱོད་རང་གི་གནས་སུ་བདེར་སོན་ནས། །མིག་དང་རྣ་བ་ཡིད་ལ་དཔལ་སྟེར་བའི། །སྡེབས་ལེགས་དོན་བཟང་སྙན་པའི་འཕྲིན་ཡིག་ནི། །ཕུན་ཚོགས་སྐྱེས་བཅས་བསྐུར་བ་འཕྲོད་པའི་ཚེ། །ཡིད་མཚོར་དགའ་བའི་རླབས་ཕྲེང་གཡོས་པར་གྱུར། །བདག་ཀྱང་དབེན་པར་སྔོན་ཆད་ཐོས་པའི་དོན། །ཇི་བཞིན་སྒྲུབ་པའི་བདེ་བ་ལ་ཆགས་པས། །རེ་ཤིག་དགེ་ལྡན་རི་བོའི་ངོས་ལས་ནི། །ཕྱོགས་གཞན་མི་གཡོའི་ཡི་དམ་བརྟན་པར་བགྱིས། །བསྟན་པ་གནས་དང་མཁས་པའི་མགོན་བཅས་དང་། །ལང་ཚོ་མ་ཡོལ་རྣམ་དཔྱོད་རྒྱས་པ་དང་། །རྣམ་གཡེང་དོར་ནས་སྒྲུབ་ལ་འདུན་པ་ནི། །བློ་མཆོག་ལྡན་པ་རྣམས་ཀྱི་ལེགས་སྨོན་གནས། །ཚུལ་འདིར་ཤིན་ཏུ་རྙེད་དཀའ་འཇིག་སླ་བ། །རིག་གནས་ཉིན་མཚན་ཀུན་ཏུ་དལ་བའི་རྟེན། །དོན་ལྡན་བྱེད་པ་མཁས་པའི་མཁས་པ་སྟེ། །ལྷག་མའི་སྐྱེ་བོ་བྱེད་ལས་བྱིས་པར་གསུངས། །རྒྱལ་བས་བསྔགས་པའི་མང་ཐོས་རྒྱ་མཚོ་ཆེར། །རྣམ་དཔྱོད་བརྩོན་པའི་གྲུ་ཡིས་ལེགས་ཞུགས་ནས། །ལེགས་བཤད་རིན་ཆེན་གླིང་གི་དགའ་སྟོན་མཆོག །ཉམས་སུ་མྱོང་བའི་རྣམ་དཔྱོད་བཟང་པོ་ཅན། །ཁྱོད་ལ་བདག་གིས་མང་དུ་བསྐུལ་ཅིང་འཚལ། །གསུང་རབ་ཐོས་པའི་དགའ་སྟོན་འདི་འདྲ་ན། །དེ་དོན་སྒྲུབ་པའི་བདེ་བ་ཅི་འདྲ་ཞེས། །རྒྱུན་དུ་ཡིད་ལ་བརྣག་པ་རྒྱས་པར་མཛོད། །རིན་ཆེན་དབང་གི་རྒྱལ་པོ་ལས་ལྷག་པའི། །ངོ་མཚར་རྟེན་འདི་རིང་དུ་འཚོ་བ་ཡི། །ཐབས་མང་སྨྲ་བའི་ཟླ་བས་གང་གསུངས་པ། །དེ་ལའང་བརྩོན་པ་ཤིན་ཏུ་གཅེས་པ་ལགས། །

        ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། བསྟན་པའི་རྩ་ལག་དམ་པ་སྡོམ་བརྩོན་ཆེན་པོ་དཀའ་བཅུ་པ་དགེ་ལེགས་དཔལ་བའི་གསུང་ཤོག་གསེར་སྲང་གང་། དངུལ་དམ་གཅིག ཀར་ཏང་ཟུང་གཅིག སྤོས་ཏང་གཅིག་གི་རྟེན་དང་བཅས་པ་དགེ་བའི་བཤེས་གཉེན་ཆོས་ལྡན་དང་བརྩོན་རིན་པ་གཉིས་ཀྱིས་བཟོད་པའི་ལན་དུ་སྦྱར་བའི་སྐྱེས་ཀྱི་མཚོན་ཙམ་དུ་གོས་དམར་སྨུག་གི་སྣམ་སྦྱར་སྲིད་དུ་ཁྲུ་དགུ་ཅུང་མ་ལོངས་པ། ཞེང་དུའང་ཁྲུ་གསུམ་ཅུང་མ་ལོངས་པའི་སྣམ་ཕྲན་ཉི་ཤུ་རྩ་ལྔ་ཡོད་པ་གཅིག གན་ཀར་ས་རི་ནག་པོའི་ཤུབས་ཅན་གཅིག མཎྜལ་གར་བསེའུ་ཡོད་པ་གཅིག་རྣམས་ལ་ཐིའི་ཙེ་འདི་འབྱར་བ་འབུལ། ཟླ་བ་དང་པོའི་ཚེས་བཅུ་གཉིས་ལ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །ཅེས་པའོ། ། 

                                                              རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།