རྗེའི་རྣམ་ཐར་ཆེན་མོ་ལས་སྒྲུབ་མཆོད་ཆེན་མོ་བཙུགས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-17 20:09:52     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ལྟར་རྟེན་དེ་རྣམས་དང་གཙུག་ལག་ཁང་དང་བཅས་པའི་རགས་རིམ་ཞིག་ལོ་དེ་ཀའི་ཁོངས་སུ་གྲུབ། ཉེ་སྐོར་གྱི་དགེ་འདུན་གྱི་སྡེ་རྣམས་དང་། ཆ་ལྷས་ཀྱི་གྲོང་པ་སྐྱེ་བོའི་ཚོགས་དང་བཅས་པ་ཐམས་ཅད་བསགས་ཏེ། རབ་སྟོན་བཟང་པོ་རྨད་དུ་བྱུང་བ་མཛད་ཅིང་། རྒྱུད་སྡེ་ནས་གསུང་པའི་ཆོ་ག་རྣམ་པར་དག་པས། རབ་ཏུ་གནས་པ་ཕུན་སུམ་ཚོགས་པ་རྒྱས་པར་མཛད། དེ་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་རབ་གནས་ཀྱི་ཉིན་ནམ་མཁའ་དྭངས་པའི་དཀྱིལ་ནས་འབྲུག་སྒྲ་ཙམ་གྱི་སྒྲ་ཆེན་པོ་གྲགས་བཞིན་པར་རྟེན་གྱི་ལྷ་ཁང་དུ་ཞུགས་པ་ཀུན་གྱིས་ཐོས་ཤིང་། དེ་དང་མཉམ་དུ་གསང་བ་འདུས་པ་དང་བདེ་མཆོག་གི་རིམ་ལྔའི་རྣལ་འབྱོར་པ་འགའ་ཞིག་གིས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བ་ཙམ་ཕྱོགས་བཞི་ནས་བྱོན་ཏེ་རྟེན་ལ་ཐིམ་པ་སོགས་གཟིགས། དེ་ཕྱིན་ཆད་དབུ་རུ་སྟོད་སྨད་ཀྱི་ཕྱོགས་ཀུན་ལོ་ལེགས་པ་དང་ཆར་ཆུ་དུས་སུ་འབབ་པ་དང་། བཤད་སྒྲུབ་རྒྱས་པ་ལ་སོགས་པའི་ཁྱད་པར་སྔར་ལས་ཕུལ་དུ་བྱུང་བའི་ངོ་མཚར་དང་ལྡན་པར་གྱུར་ཏོ། །

        ཡང་རྗེ་རིན་པོ་ཆེས་རྗེ་དགེ་འདུན་གྲུབ་ལ་སྐུ་ལ་བཞེས་པའི་མཐིང་ཤམ་རྙིང་པ་གནང་ནས། འདུལ་བའི་བསླབ་ཁྲིམས་དར་བར་མཛད་པའི་རྟེན་འབྲེལ་བསྒྲིགས། འཕྲིན་ལས་ཇི་ལྟ་བུ་འབྱུང་བ་དང་། བཀྲ་ཤིས་ལྷུན་པོའི་ས་ཡུལ་དང་། འཕྲིན་ལས་བསྒྲུབ་པའི་སྲུང་མ་དང་། ཡོན་བདག་རྣམས་ལུང་བསྟན་མཛད། དེ་ལྟར་ལྷ་ཁང་རྟེན་རྣམས་བཞེངས་ནས་རྒྱུད་སྡེ་བཞི་ལྷ་རྣམས་ཀྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་སྔགས་གྲྭ་ཚུགས་པ་ནི། རྗེའི་མཛད་ཆེན་བཞིའི་གཅིག་ཡིན་ནོ། །དེ་ཡང་འོལ་ཁ་བསམ་གཏན་གླིང་དུ་བཞུགས་པའི་ཚེ་གསང་འདུས་ཀྱི་རྒྱུད་གཏད་ནས་སྔགས་ཀྱི་བདག་པོར་བྱིན་གྱིས་བརླབས་པས་སྔགས་གྲྭ་འདི་ཚུགས་པ་ཡིན་ལ། སྔགས་ཀྱི་ཆོས་མང་དུ་བརྩམས་པ་དང་། མང་དུ་གསུངས་པའི་རྒྱུ་མཚན་ཡང་དེ་ལྟར་རོ། །

        ཡང་སྐབས་འདིར་བདེ་མཆོག་གི་དཀྱིལ་འཁོར་སྒྲུབ་མཆོད་མཛད་པའི་དཀྱིལ་འཁོར་པ་རྣམས་དངོས་སུ་གཟིགས། མཁའ་འགྲོ་མའི་ཚོགས་ཀྱིས་མཆོད་བསྟོད་ཀྱི་དབྱངས་མཛད་པ་གསན་ནས། མཆོད་ཕྲེང་ཏིང་འཛིན་པིར་ལེགས་མ་དང་། དཔྱིད་ཀྱི་རྒྱལ་མོའི་གླུ་སོགས་ཀྱི་དབྱངས་སུ་མཛད་དེ། སློབ་མ་རྣམས་ལ་བསླབས་པ་ནི་དེང་སང་གི་བར་རྒྱུད་གྲྭར་འཐེན་བཞིན་པ་འདི་ཡིན་ནོ། །ཡང་མཁའ་འགྲོ་རྣམས་ཀྱིས་ཚིག་མི་གསལ་བར་དབྱངས་མང་པོ་འཐེན་པ་གསན་ནས་སློབ་མ་རྣམས་ལ་བསླབས་པ་ནི་རྒྱུད་གྲྭའི་ཚོགས་འདོན་གྱི་གདངས་རྣམས་སོ། །དེའི་ཕྱིར་བསྒོམ་པར་མ་ནུས་ནའང་ཕྱག་ལེན་མ་ཉམས་པར་བྱས་ན་བྱིན་རླབས་ཆེ་ཞིང་མྱུར་བ་ཡིན་གསུངས། སྤྱིར་རྗེ་འདི་ལ་འཇམ་པའི་དབྱངས་དང་དབྱངས་ཅན་མ་གཉིས་ཀྱིས་རྗེས་སུ་བཟུང་བས་འཆད་རྩོད་རྩོམ་པའི་བྱ་བ་ལ་ཐོགས་པ་མེད་ཅིང་། ཁྱད་པར་དུ་རྗེ་འདིས་མཛད་པའི་ཡོ་ག་དང་བླ་མེད་ཀྱི་ཡི་དམ་ཆོས་སྐྱོང་སོགས་ཀྱི་དབྱངས་དང་སྡེབ་སྦྱོར་གྱི་ཚིགས་བཅད་མཛད་པ་སོགས་ནི་སྙན་ཞིང་ཡིད་དུ་འོང་བ། གཞན་ལས་ཁྱད་པར་དུ་འཕགས་པའོ། །དེ་ཡང་ཡོ་ག་སོགས་ཀྱི་དབྱངས་ཆེན་རྣམས་ནི་བརྗིད་པའི་མཐར་ཐུག་ཏུ་སྣང་ཞེས་གསུངས་སོ། །

        དགུང་ལོ་དྲུག་བཅུ་རྩ་གཉིས་པའི་ས་ཁྱི་ལོར་དགའ་ལྡན་ཉིད་དུ་བཞུགས་ནས། སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་པོ་ཕྱོགས་ཐ་དད་ནས་བྱོན་པ་དང་། གཉུག་མར་གནས་པའི་དགེ་འདུན་དང་བཅས་པ་ལ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་ཞིང་། དཔལ་གསང་བ་འདུས་པའི་འགྲེལ་བ་སྒྲོན་གསལ་མཆན་དང་བཅས་པ། བཤད་རྒྱུད་འགའ་ཞིག་དང་རིམ་ལྔའི་ཁྲིད་རྒྱས་པ་དང་། སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་རྒྱས་པ་དང་། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་བཤད་པ་ཆེས་ཞིབ་པ་དང་། གཞན་ཡང་དབུ་ཚད། བདེ་མཆོག་ལམ་རིམ་ལ་སོགས་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་དཔག་ཏུ་མེད་པ་གསུངས། དེའི་དབྱར་དང་སྟོན་ལ་གཙུག་ལག་ཁང་གི་ཁྱམས་ལ་ལོགས་བྲིས་ཀྱང་གྲུབ་པར་མཛད། དབུ་མ་ལ་འཇུག་པའི་རྣམ་བཤད་ཆེན་མོ་མཛད་པའང་ལེགས་པར་རྫོགས་པར་མཛད་དོ། །

                                                                                                                                       རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།