རྗེའི་རྣམ་ཐར་ཆེན་མོ་ལས་འཇམ་དབྱངས་ཆོས་རྗེ་ལ་གཏེར་ནས་བཞེས་པའི་ཆོས་དུང་གནང་བའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-16 21:54:39     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

 

4175448ctad53fb6957f6&690.gif

        དེ་ནས་མི་དབང་གྲགས་པ་མཚན་པས་གསོལ་བ་བཏབ་སྟེ། འོན་གྱི་བཀྲ་ཤིས་དོ་ཁར་བྱོན་ནས་དབྱར་གནས་མཛད། སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ལ་དབུ་ཚད་དང་ལམ་རིམ་ལ་སོགས་པའི་ཆོས་མང་དུ་གསུངས་ཤིང་། ཐེལ་བའི་བླ་མ་སྤྱན་སྔ་རིན་པོ་ཆེས་ཐོག་དྲངས་རི་ཁྲོད་ཀྱི་དགེ་འདུན་རྣམས་དང་། རྩེས་ཐང་ཆོས་རྗེ་དང་། བླ་མ་གཞུང་ལས་པ། དགེ་བའི་བཤེས་གཉེན་མང་པོ་དང་། སྣེ་གདོང་གི་བདག་ཆེན་གྲགས་པ་རྒྱལ་མཚན་དཔོན་བློན་རྣམས་དང་བཅས་ཤིན་ཏུ་མཐོ་བའི་དཔལ་དང་ལྡན་པ་ཀུན་གྱིས་དད་པའི་སེར་བུས་བསྐྱོད་པའི་གཙུག་གི་པདྨོ་ཞབས་ཀྱི་ངོས་ལ་གཏུགས་ཏེ་ཕྱག་འཚལ་བས་ཚིམ་པ་མེད་པར་གྱུར་ཏོ། །བཀྲ་ཤིས་དོ་ཁ་མ་ཞེས་གྲགས་པའི་ལྷ་སྐུ་བྱིན་རླབས་ཅན་དེ་སྐབས་འདིར་བཞེངས་པ་ཡིན་ནོ། །

        རྒྱལ་དབང་རིན་པོ་ཆེའི་སྐུ་གོང་མ་རྗེ་དགེ་འདུན་གྲུབ་ཀྱིས་སྐབས་འདིར་རྗེ་ལ་མཇལ་ནས་སློབ་མར་གྱུར། དགེ་འདུན་གྲུབ་པ་འདི་ནི་སྔོན་སྟོན་པ་ཤཱཀྱའི་རྒྱལ་པོའི་དུས་སུ་རྗེ་ཙོང་ཁ་པ་དགེ་སློང་པདྨའི་ངང་ལྡན་དུ་གྱུར་པའི་ཚེ་དེའི་སློབ་མ་དགེ་སློང་བདེ་བའི་འབྱུང་གནས་ཞེས་པར་གྱུར་ཅིང་། རྗེ་རིན་པོ་ཆེ་ཇོ་བོ་ཨ་ཏི་ཤར་གྱུར་པའི་ཚེ་འབྲོམ་སྟོན་པར་གྱུར་པ་སོགས་སྐུ་ཚེ་དུ་མར་བླ་སློབ་ཏུ་གྱུར་བ་ཡིན་ལ། སྐབས་འདིར་ཡང་བྱང་སེམས་ཀུན་བཟང་བ་དང་། ཤེས་རབ་སེང་གེ་གཉིས་ཀྱིས་དགེ་འདུན་གྲུབ་ཀྱི་ཤེས་རབ་བཟང་བའི་ཚུལ་ཞུས་པས་ཀྱང་རྐྱེན་ལྟ་བུར་གྱུར་ཏེ། རྗེ་བླ་མས་དགེ་འདུན་གྲུབ་མཇལ་མ་ཐག་ནས་ཤིན་ཏུ་བརྩེ་ཞིང་དགྱེས་པས་ཆོས་མང་དུ་བསྩལ། ལོ་འདིར་རྗེ་དགེ་འདུན་གྲུབ་དགུང་ལོ་ཉེར་བཞི་བ་ཡིན་ནོ། །

        ཡང་རྗེ་རིན་པོ་ཆེས་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ལ་འདི་ལྟར་གསུངས་ཏེ། ད་ལྟ་ངེད་ཀྱི་རིང་ལུགས་ཀྱི་མདོ་སྔགས་འཆད་ཚུལ་འདི་སྲིད་པ་ཇི་སྲིད་བར་རྒྱུན་མི་ཆད་ཅིང་། ཕྱོགས་ཐམས་ཅད་དུ་རྒྱས་པའི་ཆེད་དུ་ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་ཐོབ། ཅེས་བཀའ་གནང་བར། འཇམ་དབྱངས་ཆོས་རྗེས་ཀྱང་གུས་པས་ཕྱག་འཚལ་ཏེ། རྗེ་བླ་མའི་བཀའ་བཞིན་དུ་དགོན་སྡེ་འཛུགས་པར་བགྱིའོ་ཞེས་ཞུས། སྣེའུ་དཔོན་ནམ་མཁའ་བཟང་ལ་ཆོས་སྡེའི་སྦྱིན་བདག་མཛད་དགོས་པའི་བཀའ་ཕྱིར་ཕེབས་ཤིང་། དཔོན་དེས་ཀྱང་དད་གུས་ཀྱིས་བཀའ་བཞིན་སྒྲུབ་པར་ཞུས། ལོ་འདིར་འཇམ་དབྱངས་ཆོས་རྗེ་དགུང་ལོ་སོ་དྲུག་པ་ཡིན།

        དེ་ནས་སླར་ཡང་གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕྱག་ཕེབས། དེ་ནས་བརྩམས་ཏེ་ལོ་འགའི་བར་རིམ་པ་བཞིན་དུ། དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་བའི་ཊཱིཀྐ་ཆེན་མོ་དང་། རྫོགས་རིམ་རྣལ་འབྱོར་བཞི་ལྡན་གྱི་ཁྲིད་ཡིག་ཆེ་ཆུང་། སྒྲུབ་ཐབས། དཔལ་གསང་བ་འདུས་པའི་རྩ་རྒྱུད་དང་འགྲེལ་བ་སྒྲོན་གསལ་གྱི་ཞུས་དག་དག་པར་མཛད་ནས། ཚིག་དོན་ཤིན་ཏུ་ཞིབ་པར་འཆད་པའི་མཆན་བུ་དང་། ལེའུ་སོ་སོ་དང་སྤྱིའི་དཀའ་བའི་གནས་རྣམ་པར་གཏན་ལ་འབེབས་པའི་མཐའ་གཅོད་དང་། དོན་ཚན་སོ་སོའི་དམིགས་འབྱེད་པའི་བསྡུས་དོན་དང་བཅས་པ་མཛད་ཅིང་། སྒྲོན་གསལ་དང་། དེའི་མཆན་དང་། མཐའ་གཅོད་དང་། བསྡུས་དོན་ཏེ་བཞི་ལ་འགྲེལ་པ་བཞི་སྦྲགས་ཞེས་གྲགས་སོ། །

        དེ་ལྟར་བཀའ་རྩོམ་གནང་བའི་མཚམས་རྣམས་སུ་རྒྱུད་སྡེ་བཞི་དང་འབྲེལ་བའི་བཤད་པ་མཐའ་དག་པ་རྒྱུན་མ་ཆད་པར་གསུངས་པས། རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྙིང་པོ་མཐའ་དག་ལེགས་པར་ཉམས་ནས་མིང་ཙམ་ཡང་མེད་པར་གྱུར་པ་འདི་གཞི་ནས་བླངས་ཏེ་ལེགས་པར་གསལ་བར་མཛད་པས་རྒྱལ་བ་ལས་ཀྱང་བཀའ་དྲིན་ཆེ་བར་གྱུར་པ་ཡིན་ནོ། །

        དགུང་ལོ་ང་དགུའི་ཤིང་ལུག་ལོར་ཡང་གོང་དུ་བཤད་པའི་ཆོས་ཀྱི་འཕྲོ་རྩོམ་པ་དང་། ཆོས་འཆད་པ་སོགས་མཛད་པ་ཡིན་ཞིང་། དེ་ལྟ་བུའི་སྐབས་སུ་རྗེའི་ཞལ་སྔ་ནས། སྒྲུབ་མཆོད་སོགས་ཚོགས་ཁང་དུ་བྱས་ན་དབང་མ་ཐོབ་པ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་སོགས་མཐོང་བའི་དགག་བྱ་ཆེ་བར་འདུག་པས། སྔགས་ཀྱི་སྒྲུབ་མཆོད་ཁང་པ་འགོལ་བ་ཅིག་ལོགས་སུ་བྱེད་དགོས་པར་སྣང་གསུངས་ནས། ལུག་ལོའི་དབྱར་རྨང་བཏིང་ཞིང་། དེའི་མཐུན་རྐྱེན་དང་དད་བསྐུལ་སོགས་ཀྱི་ཐུགས་འདུན་མཛད་པས། ཕྱོགས་ཕྱོགས་ནས་འབུལ་བ་དཔག་ཏུ་མེད་པ་བྱུང་ཞིང་། ཅུང་ཟད་ཟངས་དཀོན་པར་ཡོད་པ་ལའང་། གཉལ་སོགས་ནས་ཟངས་རུ་མངས་དང་རུ་གཉིས་མ་ཙམ་ཡན་ཆད་ཆེ་ཆུང་འདྲེས་པ་བརྒྱ་རྩ་བརྒྱད་དང་། ཟངས་བན་མང་པོས་ཐོགས་དྲངས་པའི་ཟངས་ཀྱི་དད་འབུལ་མཐའ་ཡས་པ་བྱུང་ངོ་། །

        དགུང་ལོ་དྲུག་བཅུའི་མེ་སྤྲེལ་ལོར་ལོ་སྔ་མར་བཏིང་བའི་རྨང་གཞིའི་སྟེང་དུ་གཙུག་ལག་ཁང་ཁྱམས་གཙང་ཁང་དང་བཅས་པ་ལ་ཀ་བ་བདུན་བཅུ་རྩ་གཉིས་ཡོད་པའི་ལྷ་ཁང་ཆེན་པོ་བཞེངས་ནས། ཡངས་པ་ཅན་ཞེས་མཚན་བཏགས། འཇམ་དབྱངས་ཆོས་རྗེ་ལ་གཏེར་ནས་བཞེས་པའི་ཆོས་དུང་གནང་ནས། ངེད་ཀྱིས་བཞེངས་པའི་དགོན་མ་ལས་ཁྱོད་ཀྱིས་བཞེངས་རྒྱུའི་བུ་དགོན་དར་རྒྱས་ཆེན་པོ་འོང་བར་འགྱུར་ཞེས་སོགས་ལུང་བསྟན་མང་པོ་བསྩལ། འཇམ་དབྱངས་ཆོས་རྗེ་ཞབས་ཕྱི་མང་པོ་བཅས་འབྲས་སྤུངས་འདེབས་པའི་གནས་སུ་ཕེབས། གཙུག་ལག་ཁང་གི་བྱ་བ་བྱེད་པ་ལ་རྗེ་རིན་པོ་ཆེས་ལྟོ་འཕྱེའི་ཐིག་གདབ་པ་སོགས་དང་། ཇི་ལྟར་བརྩིག་ཚུལ་སོགས་ཀྱིས་བཀོད་པ་གནང་བ་ཡིན།

        འབྲས་སྤུངས་ཀྱི་རྟེན་གྱི་གཙོ་བོ་དཔལ་རྡོ་རྗེ་འཇིགས་བྱེད་སོགས་བཞེངས་པ་ལ། རྗེ་བླ་མས་སྤྲུལ་པའི་དགེ་སློང་མང་པོ་དང་བཅས། སྐུ་རྒྱུ་འཇིམ་པ་སྲིན་ཞལ་གྱི་མཐེབ་སྐྱུ་རེ་ལ་ཡ་མ་རཱ་ཛཱ་འབུམ་ཕྲག་རེ་དང་། སྐུ་གཞན་རྣམས་ཀྱི་མཐེབ་སྐྱུ་རེ་ལ་ཁྲི་ཕྲག་རེ་བཅས་བཟླས་ནས་བསྒྲུབས། བྱམས་ཆེན་ཆོས་རྗེས་རྒྱ་ཡུལ་དུ་ལོ་གཅིག་ལྷག་གི་བར་བསྟན་འགྲོའི་དོན་མཛད་ནས་སླར་བོད་དུ་ཕེབས། དགའ་ལྡན་དུ་རྗེ་རིན་པོ་ཆེ་ལ་མཇལ་ནས་བསྙེན་བཀུར་རྒྱ་ཆེན་པོ་མཛད་དོ།།                                                                     རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།