རྗེའི་རྣམ་ཐར་ཆེན་མོ་ལས་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-15 11:20:17     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        གཞན་ཡང་སྐུ་བསྙེལ་བ་དེའི་ཚེ་བར་ཆད་ཀྱི་མཚན་མ་ཅུང་ཟད་རྩུབ་པ་དེ་འོང་རེས་ཀྱིས་རྗེའི་ཞལ་སྔ་ནས་ལ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་བཟོད་པར་དཀའ་བ་དང་། འཁོར་ལོ་ཆེན་པོ་སྐུ་རགས་ལ་སྦོམ་པ། སྤྱན་འབྲས་ཉི་མ་བྱེ་བ་ལྟ་བུ། བསྐལ་པའི་མེའི་འོད་ཅན་ཆེན་པོ། ཚངས་པའི་འཇིག་རྟེན་དུ་སླེབས་པ་ལྟ་བུའི་གཟིགས་སྣང་རེ་ངེས་ཅན་དུ་འོང་ཞིང་། དེའི་སྟོབས་ཀྱིས་བར་ཆད་ཀྱི་མཚན་མ་དེའང་མྱུར་དུ་ཞི་འགྲོ་བ་ཞིག་འདུག བཅོམ་ལྡན་འདས་རྣམ་པར་རྒྱལ་མ་དང་། སྒྲོལ་མ་དང་། གདུགས་དཀར་དང་། འོད་ཟེར་ཅན་དང་། རྒྱལ་བ་སྨན་གྱི་བླ་དང་། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་རྣམས་ཀྱི་སྐུའི་སྣང་བ་དངོས་སུ་གཟིགས་པ་ཕལ་ཆེར་གྱི་དུས་སུ་བྱུང་ཞིང་། ཡེ་ཤེས་མགོན་པོ་ཕྱག་དྲུག་པ། གུར་གྱི་མགོན་པོ། ཕྱག་བཞི་པ། རྣམ་ཐོས་སྲས་རྣམས་ཀྱི་གཟིགས་སྣང་ཡང་ནར་མར་བྱུང་ངོ་ཞེས་གསུངས་ལ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་། གནོད་སྦྱིན་ཀྵེ་ཏྲ་བཱ་ལ་གཉིས་ནི་སྐུ་དངོས་དང་། ཕྱག་གཡོག་གང་རུང་གི་གཟུགས་ཀྱིས་བྲན་བཞིན་དུ་བཀའ་སྒྲུབ་པར་བྱེད་དོ། །

        སྤྱིར་སྙིགས་མའི་དུས་སུ་མ་དག་པའི་ཞིང་དུ་བསྟན་པ་རྒྱས་པར་བྱེད་པ་ལ་མི་མ་ཡིན་རྣམས་གླགས་འཚོལ་བ་ནི་གོང་དུ་བཤད་མ་ཐག་པ་ལྟར་ཡིན་ཞིང་། མི་རྣམས་ཀྱང་ཆོས་ལ་ཡིད་ཕྱོགས་པ་ཉུང་བ་དང་། ཕྲག་དོག་སོགས་བྱེད་པ་མང་བས། རྗེ་འདིས་སྔོན་རྒྱལ་བ་དབང་པོའི་ཏོག་གི་དྲུང་དུ་ཐུགས་བསྐྱེད་པའི་ཚེ་ལུས་སྲོག་ལ་མི་བལྟ་བར་བསྟན་པ་དར་བར་བྱ་ཞེས་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་སྙིང་སྟོབས་ཆེན་པོ་ཞེས་བསྔགས་པ་སོགས་ཀྱི་རྒྱུ་མཚན་ནི་འདི་ལྟ་བུ་ལ་དཔྱད་ནས་ཤེས་དགོས་སོ།།

        དགུང་ལོ་ང་བརྒྱད་པའི་ཤིང་རྟ་ལོའི་དཔྱིད་སྐུ་ཁམས་བསྙེལ་བ་ཅུང་ཟད་དྭངས་པའི་སྐབས་ཤིག་ཏུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ནས། ད་ཕྱིན་ཆད་གཙོ་བོར་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཐུགས་ཉམས་སུ་བཞེད་པ་ལ་འགྲུས་པར་མཛད་ན་སྔགས་བླ་མེད་ཀྱི་སྒོ་ནས་རྟོགས་པ་ཁྱད་པར་ཅན་མྱུར་དུ་རྒྱུད་ལ་འཁྲུངས་ཤིང་། སློབ་མ་སྐལ་ལྡན་བདུན་ལའང་ལམ་གྱི་རྟོགས་པ་ཁྱད་པར་ཅན་རེ་སྐྱེ་བར་འགྱུར་རོ་ཞེས་ལུང་བསྟན་པར་མཛད་པ་ལ། རྗེའི་ཞལ་སྔ་ནས། ངེད་ཁམས་མ་སྙོམས་པའི་སྐབས་ཀྱི་ཉམས་ཀྱི་སྣང་བ་ལ་གཏད་པ་ཆེར་མེད་དམ། རྟོགས་ལྡན་པ་ལའང་དྲི་དགོས་གསུངས་ནས་བཀའ་གནང་བས། རྟོགས་ལྡན་པ་ན་རེ། བསྐྱར་མ་ཞུ་དགོས་པ་ཡོང་། ཚེ་བློས་བཏང་སྣོད་དུ་རུང་བའི་འཁོར་རྣམས་ལ་མདོ་སྔགས་ཀྱི་ལམ་རྫོགས་པར་བསྟན་ནས་བསྒོམ་དུ་བཅུག རྗེའི་ཞལ་སྔ་ནས་རང་གིས་གཙོ་བོར་སྐུ་མཚམས་ཀྱི་ངང་ནས་སྒྲུབ་པ་ལྷུར་མཛད་ན། རྗེའི་ཞལ་སྔ་ནས་རང་གི་ཐུགས་རྒྱུད་ལ་ལམ་དེ་མྱུར་དུ་འཁྲུངས་པའི་ནང་གི་རྒྱུ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་ལ་སོགས་པ་སྔར་ཐུགས་རྒྱུད་ལ་འཁྲུངས་ཚད་ཕྱིའི་རྐྱེན་ཞིང་སྐྱེས་ཀྱི་ཕོ་ཉ་མོ་རྣམས་ཀྱིས་གྲོགས་མཛད་པ་ལ་སོགས་པ་ཁྱད་པར་ཅན་མྱུར་དུ་འོང་། ལྷག་པའི་ལྷས་ཀྱང་བྱིན་གྱིས་བརླབས་པས་རྒྱུ་ཚོགས་རྣམས་ཚང་ཞིང་ལམ་དེ་མྱུར་དུ་ཐུགས་རྒྱུད་ལ་འཁྲུང་ངོ་ཞེས་རྗེ་བཙུན་གྱིས་གསུང་ཞེས་ཞུས་སོ། །

        དེ་ནས་ནུབ་ཅིག་རྟོགས་ལྡན་པའི་མནལ་ལམ་དུ་རྗེ་རིན་པོ་ཆེ་པའི་མཆོད་རྟེན་ཡིན་ཟེར་བའི་ཕྱག་ཚན་ཡོངས་སུ་རྫོགས་པ་ནོར་བུ་རིན་པོ་ཆེའི་ཏོག་སྤྲིན་གྱི་གསེབ་ན་སླེབ་པ་ཁ་དོག་ཤིན་ཏུ་དཀར་ཞིང་མཁྲེགས་པ་དཀར་ཡོལ་གྱི་རྣམ་པ་ལྟ་བུ་བྱས་པ་ཞིག་ལ་མཁའ་འགྲོ་མ་མང་པོ་འདུས་པ། ལ་ལ་ནི་མིའི་བུ་མོ་ལྟ་བུ་དང་། ལ་ལ་ནི་ལྷའི་བུ་མོ་ལྟ་བུ། རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་འཆང་བ། ལག་ན་རིན་པོ་ཆེའི་བུམ་པ་དང་བདུད་རྩི་དཀར་པོས་གང་བ་ཐོགས་པ་དཔག་ཏུ་མེད་པས་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་ཞིང་འདུག །མཆོད་རྟེན་དེའི་དྲུང་ན་དེའི་སེང་ཁྲི་དང་མཉམ་པའི་མཆོད་རྟེན་དྲུག་འདུག་པ་ལ། འགའ་ཞིག་ན་རེ་བདུད་རྩི་གསོལ་བ་དྲག་ཅེས་ཟེར་བ་ལ། ལ་ལ་ན་རེ་འདི་རྣམས་ད་དུང་བཅོས་དགོས་པར་འདུག་པས་ད་ལྟ་མི་གསོལ་བཅོས་ཚར་ནས་གསོལ་བ་བྱེད་ཅེས་ཟེར། ཡང་མཆོད་རྟེན་གཅིག་གི་གོ་ས་ཞིག་འདུག་པ་དེར་ཨེ་གསོལ་ཟེར་བ་ལ། ད་ལྟ་མཆོད་རྟེན་མ་བྱུང་བས་མི་གསོལ། བྱུང་ནས་གསོལ་ཟེར་རོ།།

        དེ་ནས་མནལ་སད་པ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་སྔར་འདི་འདྲ་བའི་རྨི་ལམ་མི་འོང་བ་ལ་ད་ལན་བྱུང་བ་འདི་ཇི་ལྟ་བུ་ལགས་ཞེས་ཞུས་པས། སྔགས་མཚན་ཉིད་ཀྱི་གོ་བ་ཐམས་ཅད་ལེགས་པར་རྫོགས། རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་པ་རྣམས་ཀྱི་ལྟས་ཡིན་ཞེས་གསུང་ངོ་། །མཁས་གྲུབ་རིན་པོ་ཆེས་རྗེའི་ཞལ་སྔ་ནས་ལ། འདི་རྣམས་ཀྱི་གོ་བ་ཐམས་ཅད་ཡོངས་སུ་རྫོགས་པར་ཐུགས་རྒྱུད་ལ་འཁྲུངས་པ་ཇི་ཙམ་ནས་ལགས་ཞེས་ཞུས་པས། སྔགས་ཀྱི་གནད་ཐམས་ཅད་ལ་ཐེ་ཚོམ་གྱི་ལྷག་མ་མེད་པར་ཡོངས་སུ་རྫོགས་པ་ང་དྲུག་ནས་ཡིན། ཕ་རོལ་ཏུ་ཕྱིན་པའི་གནད་རྣམས་སྔ་མོ་ནས་རྫོགས་རྒྱུ་ཡིན་ནའང་། ཕ་རོལ་ཏུ་ཕྱིན་པའི་ཡང་དག་མཐའ་མངོན་དུ་བྱེད་ཚུལ་དཔྱིས་ཕྱིན་པ་ཞིག་གི་གོ་བ་སྔགས་ཀྱི་སྦྱོར་བའི་སྐབས་ཤིག་ལེགས་པར་གོ་བ་ལ་རག་ལས་འདུག་ཅེས་གསུང་ངོ་། །

        དེ་ནས་བསྙུན་ལེགས་པར་དྭངས་པར་གྱུར་ཏོ། །དེ་ནས་ཏཱ་མིང་ཡུང་ལོ་རྒྱལ་པོས། རྗེ་རིན་པོ་ཆེ་སྤྱན་དྲངས་ཀྱང་མ་ཕེབས་པས་སྐབས་འདིར་ཕཱུ་བཞེན་སོགས་ཏཱ་ཡེན་བཞིས་གཙོས་མི་མང་པོ་མངགས་ནས་འབུལ་སྐྱེས་ཀྱི་རིམ་པ་དང་། རྗེ་ཉིད་མ་ཕེབས་ཀྱང་སྐུ་དང་ཁྱད་པར་མེད་པའི་སློབ་མ་བཟང་པོ་ཅིག་གནང་དགོས་པའི་ཞུ་ཡིག་བཅས་སྤྲིངས་པ་ནི་འདིའི་ལོ་སྔ་མར་འོངས་ནས་འབྲི་ཁུང་ཆོས་རྗེ་ཁུ་དབོན་གཉིས་བརྒྱུད་དེ་ཞུས་པ་ཡིན་ཀྱང་། བསྒོམ་སྒྲུབ་དང་སྐུ་རིམ་སོགས་བྱ་བ་མང་དུ་ཡོད་པའི་དབང་གིས་སྐབས་འདིའི་བར་ལ་བསྒུགས་ནས་བསྡད་པས་སྐབས་འདིར་མཐའ་འཁོབ་རྒྱ་སོག་གི་འགྲོ་བ་མང་པོ་ལ་ཕན་པ་དང་། བསྟན་པ་རྒྱས་པར་མཛད་པའི་ཕྱིར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གཏོང་བར་ཐག་བཅད་དེ། བྱམས་ཆེན་ཆོས་རྗེ་ལ་བསྟན་འགྲོའི་དོན་ཇི་ལྟར་མཛད་ཚུལ་ཞིབ་ཏུ་གསུངས་ནས། འཕྲིན་ལས་བསྒྲུབ་པའི་ཕྱིར་རྣམ་སྲས་གཉེར་གཏད་འཕྲིན་བཅོལ་མཛད་པས། རྣམ་སྲས་ཀྱིས་ཆོས་རྗེའི་འཕྲིན་ལས་རྣམས་བསྒྲུབ་པར་བྱ་ཞེས་དངོས་སུ་ཁས་བླངས། དེ་ནས་བྱམས་ཆེན་ཆོས་རྗེས་རྒྱ་ནག་གི་མི་རྣམས་དང་བཅས་ཕོ་བྲང་པེ་ཅིན་དུ་ཆིབས་བསྒྱུར་མཛད། ལོ་འདིར་བྱམས་ཆེན་ཆོས་རྗེ་དགུང་ལོ་རེ་གཅིག་པ་ཡིན་ཞིང་། ཏཱ་མིང་ཡུང་ལོ་ཁྲིར་བཞུགས་པའི་ལོ་བཅུ་གཉིས་པ་ཡིན་ནོ། ། 

                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།