རྗེའི་རྣམ་ཐར་ཆེན་མོ་ལས་བདེ་བར་གཤེགས་པ་ཤིན་ཏུ་མང་པོའི་ཞལ་གཟིགས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-15 11:05:03     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་ང་བདུན་པའི་ཆུ་སྦྲུལ་ལོར་ཡང་ལོ་རིལ་པོ་རྫོགས་ཀྱི་བར། བླ་མ་རྣམས་ཀྱིས་མཚམས་ལ་བཞུགས་ནས་བསྒོམ་བཟླས་མཛད་པ་དང་། འདུས་ཚོགས་མང་མས་སྐུ་རིམ་བསྒྲུབ་པ་སོགས་ལ་བརྩོན་པར་མཛད། དེ་ལྟར་ལོ་ཕྱི་མའི་ངོ་མཐོང་གི་བར་དུ་སྐུ་རིམ་ལ་འབད་པ་ཡིན་ལ། སྔོན་ཆད་གངས་རིའི་ཁྲོད་དུ་བླ་མའི་སྐུའི་རིམ་གྲོ་བསྒྲུབས་པ་ལ་འདི་ལྟ་བུ་གཞན་མ་བྱུང་ཞེས་མཐུན་པར་གླེང་ལ། དེ་དག་གི་སྐབས་སུ་དགེ་འདུན་གྱི་མང་ཇ་དང་གདུགས་ཚོད་ལ་སོགས་པའི་བསྙེན་བཀུར་བུ་སློབ་དང་སྦྱིན་བདག་ཐད་ཐད་ནས་བླ་མའི་སྐུའི་རིམ་གྲོ་འབའ་ཞིག་ལ་དམིགས་ཏེ། འདི་ཉིད་མི་བཞུགས་ན་བདག་ཅག་ཐམས་ཅད་མགོན་དང་བྲལ་བར་འགྱུར་རོ་སྙམ་པའི་གདུང་ཤུགས་དྲག་པོས་བསྒྲུབས་པ་ལ་ཡང་ཚད་མེད་དེ། སྐུ་རིམ་གྱི་སྐབས་སུ་དགེ་འདུན་གྱི་མང་ཇ་འདྲེན་པ་ཕྱི་ནང་ཀུན་དྲིལ་བ་ལ། ཇ་དཀར་ཞོ་སྟོང་དྲུག་བརྒྱ་ལྷག་ཙམ་ཞིག་སོང་འདུག་གོ །ཞེས་ཟེར་རོ། །

        དེའི་ཚེ་རྗེ་རིན་པོ་ཆེས་བདེ་བར་གཤེགས་པ་ཤིན་ཏུ་མང་པོའི་ཞལ་གཟིགས་ཤིང་། གདམས་པ་དང་རྗེས་སུ་བསྟན་པ་ཚད་མེད་པ་ཐོབ། ཁྱད་པར་དུ་འཇམ་པའི་དབྱངས། བྱམས་པ། སྤྱན་རས་གཟིགས། སྒྲོལ་མ་དང་། སངས་རྒྱས་སོ་ལྔ་སོགས་རྒྱུན་དུ་གཟིགས་ཤིང་ཆོས་མང་དུ་གསན། ཆོས་སྐྱོང་གི་རིགས་ལས་འདི་མ་གཟིགས་བྱ་བ་མེད་གསུངས། དེ་ནས་ཉིན་ཅིག་རྗེའི་ཞལ་ནས། ནང་དུ་སྐུ་མཚམས་ཀྱི་ཁོངས་སུ་སྒྲུབ་གྲོགས་འགའ་ཞིག་ཀྱང་ཤོག་གསུངས་ནས་དམ་ཚིག་དང་སྡོམ་པ་ལ་གནས་ཤིང་ལྷའི་རྣལ་འབྱོར་ལ་གོམས་པར་བྱས་པ་བསྙེན་སྒྲུབ་རང་བཟླས་པ་ཚད་དུ་ཕྱིན་པའི་རྩ་བའི་རྡོ་རྗེ་སློབ་མ་བདུན་གྱིས་ཉིན་མཚན་དུ་ཞབས་དྲུང་དུ་ཉེ་བར་བསྙེན་ནས་ལྷའི་རྣལ་འབྱོར་དང་ཕྱིར་བཟློག་དང་སྲུང་བའི་འཁོར་ལོ་སོགས་ལ་བརྩོན་པར་བྱས་ཤིང་རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ནི་ཉིན་པར་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དང་འཁོར་ལོ་ཆེན་པོའི་ཐུགས་དམ་གཙོ་བོར་མཛད་ཅིང་། མཚན་མོ་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ལྷུར་མཛད་དོ། །

        དེ་ནས་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་གྱི་ཉིན། རྗེ་བླ་མས་སྤྱིར་སངས་རྒྱས་ཐམས་ཅད་དང་། ཁྱད་པར་དུ་མཆོག་གི་དངོས་གྲུབ་སྟེར་བའི་ལྷ་གསུམ། བདུད་བཟློག་པའི་ལྷ་གཉིས་སོགས་མངོན་སུམ་དུ་གཟིགས། མཚན་མ་བརྟན་པོ་ཞིག་བྱུང་བས་ད་འབད་ན་དགའ་མོ་ཅིག་ཡོང་བ་འདྲ་གསུང་། འདིའི་མཆོག་སྟེར་བའི་ལྷ་གསུམ་ནི། གསང་འདུས། བདེ་མཆོག དུས་འཁོར་གསུམ་ཡིན་པར་བཤད་པ་དང་། དུས་འཁོར་མ་བགྲངས་པར་འཇམ་རྡོར་བགྲངས་པའང་འདུག ། གོང་དུ་བུམ་ཆུ་སྟེར་བའི་སྐབས་སུ་འཇམ་རྡོར་དང་བྱམས་འཇམ་དབྱངས་གསུམ་གསུངས་ལ། ལྷོ་བྲག་གྲུབ་ཆེན་གྱིས། རྗེའི་དབུ་དང་ཕྲག་པ་གཡས་གཡོན་གྱི་སྟེང་དུ་མགོན་པོ་བྱམས་པ་དང་འཇམ་པའི་དབྱངས་ལྷ་མོ་དབྱངས་ཅན་མ་གསུམ་བཞུགས་པར་གཟིགས་འདུག བདུད་བཟློག་པའི་ལྷ་ནི། རྡོ་རྗེ་འཇིགས་བྱེད་དང་ཕྱག་རྡོར་འཁོར་ཆེན་གཉིས་ཡིན་གསུང་།

        རྩ་བའི་རྡོ་རྗེ་སློབ་མ་བདུན་ནི། དབེན་པར་བྱོན་པའི་ཞབས་ཕྱིར་འབྲངས་པའི་འཁོར་བརྒྱད་ལས། དཔལ་ལྡན་བཟང་པོ་བླ་མ་འདས་པས་གཞན་བདུན་ཡིན་ནམ་ཟེར་བ་འདུག་སྟེ་དཔྱད་དེ། ཡང་ཟླ་བ་བཅུ་གཉིས་པ་དེ་ཉིད་ཀྱི་ཉེར་དགུའི་ཉིན་བར་ཆད་ཀྱི་མཚན་མ་མངོན་མཚན་ཆེ་བ་རང་ཞིག་གི་སྐབས་སུ། རྗེ་རིན་པོ་ཆེ་བཞུགས་གདན་ལ་བཟང་པོའི་འདུག་སྟངས་ཀྱིས་བཞུགས་ནས་ཐུགས་དམ་མཛད་པའི་ཞབས་དྲུང་ན་སྐུ་རིམ་པ་རྣམས་ཀྱང་འཁོད་ནས། བསྒོམ་བཟླས་ལ་ཡིད་གཞུངས་པར་ཡོད་པའི་ཚེ། གནོད་བྱེད་སྡེ་བཞིའི་གཅིག་ནི་དགའ་ལྡན་གྱི་གདན་རབས་བཅུ་གསུམ་གྱི་བར་དུ་མི་གནོད་པའི་དམ་བཅའ་བྱས། དེ་ནས་ཡང་དམིགས་པ་དྲག་ཏུ་མཛད་པའི་སྐབས་སུ། རྗེ་ཉིད་སྐུ་ཅུང་མི་བདེ་བའི་རྣམ་པ་ཡོད་པ་ལས་གློ་བུར་དུ་བཞེངས་ནས་ལན་འགའ་བསྐོར་བ་མཛད་ཅིང་། བཞུགས་གདན་ལ་བཟང་པོའི་འདུག་སྟངས་ཀྱིས་བཞུགས་མ་ཐག རྗེའི་ཞལ་སྔ་ནས། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་སྐུ་ཤིན་ཏུ་བརྗིད་པ་གསེར་བཙོ་མའི་མདོག་ལྟར་མངོན་པར་གསལ་ཞིང་། ཉི་མ་བྱེ་བའི་མདངས་དང་ལྡན་པའི་འོད་ཀྱི་ཁོར་ཡུག་ཅན་བདུད་འདུལ་ཆེན་པོའི་ཕྱག་རྒྱ་མཛད་པ་ཞིག་མདུན་གྱི་ནམ་མཁར་བྱོན་པ་དངོས་སུ་གཟིགས།

        དེའི་ཚེ་ཏིང་ངེ་འཛིན་བརྟན་པོས་ཐུབ་པའི་དབང་པོ་དེ་ཉིད་སླར་ཚུར་ལ་སྤྱན་དྲངས་ཏེ་བདག་ཉིད་ལ་བཅུག་པའི་དམིགས་པ་མཛད་པས་དངོས་སུ་བདག་ཉིད་ཀྱི་སྐུ་ལ་ཐིམ་པའི་གཟིགས་སྣང་དང་ང་རྒྱལ་བརྟན་པོས་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་ལ་བག་ཚ་བ་མེད་པའི་གོ་འཕང་བརྙེས། དེའི་ཚེ་ནམ་མཁའི་སྐར་མ་ལྟ་བུའི་ལྷ་མང་པོའི་ཞལ་གཟིགས། མགོན་པོ་ཕྱག་དྲུག་པ། ཕྱག་བཞི་པ། གུར་མགོན། ཆོས་རྒྱལ་ཕྱི་ནང་གསང་གསུམ། རྣམ་སྲས་སོགས་ཆོས་སྐྱོང་དཔག་ཏུ་མེད་པ་འཚོགས་པའི་ཁྲོད་ནས། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གནོད་བྱེད་བདུད་ཀྱི་གཙོ་བོའི་མགྲིན་པ་ནས་ཞགས་པས་བཅིངས་ཏེ་ཁྲིད། མགོན་པོ་ཕྱག་དྲུག་པས་སྣ་དྲངས། གནོད་སྦྱིན་ཀྵེ་ཏྲ་པཱ་ལས་རྒྱབ་ནས་དེད་ཅིང་བསྡིགས་བཞིན་པར་ཁྱེར་འོངས་ནས། རྗེའི་མདུན་དུ་གྲི་གུག་གིས་མགོ་བཅད་ནས། རྗེ་རིན་པོ་ཆེས་ཏིང་ངེ་འཛིན་གྱིས་སྤྲུལ་པའི་འབྲུབ་ཁུང་ཤིན་ཏུ་གནག་ཅིང་འཇིགས་སུ་རུང་བ་རྣོ་ཞིང་དྲག་པའི་མེ་དཔུང་ཆེན་པོ་སྒྲ་ཆེན་པོ་དང་བཅས་འབར་བའི་ནང་དུ་བཅུག་སོང་བ་དང་མཉམ་དུ་བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་དུ་གྱུར་སོང་། ནང་དུ་དེ་ལྟར་གྱུར་པའི་ཚེ་ཕྱི་རོལ་ན་གནས་པའི་ནག་པོའི་ཕྱོགས་ཀྱི་གཟའ། ཀླུ། ཤ་ཟ། རྒྱལ་པོ་སྟེ་བདུད་ཀྱི་རིགས་ཀྱི་འབྱུང་བོ་མི་བསྲུན་པ་བཞི་བོ་སྡེ་དང་བཅས་པས། དམག་ཕམ་མོ་ཞེས་བྱ་བའི་ཆོ་ངེ་ཆེན་པོ་མི་བཟད་པ་ངུད་མོའི་སྒྲ་དང་བཅས་པ་བསྒྲགས་ནས་ཕྱོགས་བཅུར་བྱེད་ཅིང་བྲོས། སྲུང་མ་རྣམས་ཀྱིས་བྲོས་པ་དེ་དག་ཁྲིད་ནས་ཡང་གཅིག་བཟུང་ནས་སྔར་བཞིན་མགོ་བོ་བཅད་དོ། །

        ཀླུ་དང་གཟའ་དང་རྒྱལ་གདོན་གསུམ་གྱིས་སྲོག་སྙིང་ཕུལ། རྗེའི་སློབ་འཁོར་དང་བསྟན་པའི་རྗེས་འཇུག་རྣམས་ལའང་མི་གནོད་པའི་དམ་བཅའ་བྱས། དེའི་ཚེ་རྗེའི་ཞབས་དྲུང་ན་འཁོད་བའི་ཉམས་སྣང་བཟང་པོ་ཡོད་པའི་སློབ་མ་དག་གིས་ཀྱང་ཇི་ལྟར་གྱུར་པ་རྣམས་དངོས་སུ་མཐོང་ཞིང་། དམག་ཕམ་མོ་ཞེས་ཆོ་ངེ་བཏབ་པའི་སྒྲ་ནི་ཕྱི་རོལ་གྱི་དགེ་འདུན་མང་པོས་ཀྱང་གསལ་བར་ཐོས་པ་བྱུང་ངོ་། །དེ་ལ་རྗེ་རིན་པོ་ཆེས་ཚར་བཅད་པའི་བདུད་དེ་དག་གི་སྡིག་སྒྲིབ་སྦྱོང་བའི་ཕྱིར་དེའི་ཤ་ཁྲག་རྣམས་བདུད་རྩིར་བྱིན་གྱིས་བརླབས་ཏེ། བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་ཕུལ་ནས་རྣམ་ཤེས་དག་ཞིང་དུ་འཕངས་པར་མཛད་དོ། །

        དེ་ལྟར་བསྒོམ་བཟླས་དང་སྐུ་རིམ་གྱི་སྟོབས་ཀྱིས་ཤིན་ཏུ་བཟློག་པར་དཀའ་བའི་བར་ཆད་ཀྱི་མཚན་མ་ངན་པ་མཐའ་དག་བཟློག་ནས། རིང་པོ་མ་ལོན་པར་རྗེའི་སྐུ་ཁམས་དྭངས་པར་གྱུར་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་བདེ་སྐྱིད་ལ་གནས་པར་གྱུར་ཏོ། །རྗེའི་སྐུ་བསྙེལ་བའི་ཚུལ་བསྟན་པ་དེ་ནི་ཐ་མལ་བའི་ནད་དང་འདྲ་བ་མིན། བསྟན་འགྲོའི་དོན་གྱི་དགོས་པ་ཆེན་པོ་ཡོད། དེ་ཡང་བདུད་ནི་སྔོན་གྱི་བག་ཆགས་ངན་པས་རྒྱུ་མཚན་མེད་པར་དམ་པའི་ཆོས་ཉམས་པ་དང་། འགྲོ་བ་སྡུག་བསྔལ་བ་ལ་དགའ་བ་ཡིན་ལ། རྗེ་འདི་ནི་བོད་ཀྱི་ཡུལ་དུ་བསྟན་པ་ཤིན་ཏུ་ཉམས་པ་དྲི་མ་མེད་པར་དར་བར་མཛད་ནས། སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པའི་འཕྲིན་ལས་ཕུལ་དུ་བྱུང་བ་མཛད་པ་ལ། ནག་ཕྱོགས་ཀྱི་བདུད་རྣམས་གླགས་འཚོལ་བའི་རྟགས་སུ་བསྙུང་བའི་ཚུལ་བསྟན་ཏོ། །

        རྗེ་བླ་མ་འཁོར་བཅས་ཀྱིས་བསྟན་འགྲོའི་དོན་ལ་བསམས་ནས་སྐུ་རིམ་རྒྱ་ཆེན་པོ་བསྒྲུབས་ཏེ་བདུད་ཀྱི་སྡེ་སྟོབས་ཅན་རྣམས་ཚར་བཅད་པས། ད་ལྟ་རྗེ་བླ་མའི་རྗེས་སུ་འབྲངས་ནས་དགེ་བ་བྱེད་པ་དག་ལ་བར་ཆད་སྟོབས་ཆེ་བ་མི་ཡོང་བ་དང་། རྗེའི་བསྟན་པ་ལ་ཞུགས་པའི་དགེ་འདུན་གྱི་སྡེ་ཡོན་བདག་དང་བཅས་པ་ལ་བདེ་སྐྱིད་འབྱུང་བ་ཐམས་ཅད་ནི་རྗེ་བླ་མའི་དྲིན་ཡིན་ནོ། །དེའི་ཕྱིར་བློ་ལྡན་རྣམས་ཀྱིས་རྗེའི་བཀའ་དྲིན་འདི་ལྟ་བུ་དྲན་ནས། དད་གུས་ཀྱིས་གསོལ་བ་འདེབས་པ་དང་། རང་གཞན་གྱི་དོན་སྒྲུབ་པར་འདོད་པ་དག་གིས་ཀྱང་རྗེ་བླ་མ་ལ་རྒྱུན་དུ་བསྟེན་པ་དང་། ཁྱད་པར་ཅན་གྱི་ཡི་དམ་ཆོས་སྐྱོང་དེ་རྣམས་ཀྱི་བསྒོམ་སྒྲུབ་ལ་འབད་དགོས་སོ། །  

                                                                                                                                              རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།