རྗེའི་རྣམ་ཐར་ཆེན་མོ་ལས་ཀརྨ་ཆོས་རྗེ་ལ་སྤྲིངས་པའི་ཡི་གེ

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-15 10:59:48     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ཀརྨ་ཆོས་རྗེ་ལ་སྤྲིངས་པའི་ཡི་གེ་ནི། ཨོཾ་བདེ་ལེགས་སུ་གྱུར་ཅིག རྨད་བྱུང་ལེགས་བཤད་སྐྱེས་ཀྱིས་ནི། །དམ་པའི་ཡིད་རབ་འཕྲོག་པ་ལྟར། །ཙནྡན་ལྗོན་པ་དྲི་བཞོན་གྱིས། །བསྐྱོད་པའི་བསུང་གིས་དེ་ལྟ་མིན། །དེ་ཕྱིར་མཁས་པའི་མགྲིན་པའི་རྒྱན། །ངག་གི་དཔལ་སྟེར་དབྱངས་ཅན་ལ། །གུས་པས་འདུད་དོ་བཅོམ་ལྡན་མ། །ཚིག་གི་མཆོད་སྦྱིན་རྒྱས་པར་མཛོད། །ཆུ་གཏེར་བཞི་ཡི་སྐ་རགས་ཅན། །ས་ཆེན་འདི་ཡི་ལྷོ་ཕྱོགས་ཀྱི། །རྒྱལ་ཕྲན་དུ་མའི་སྤྱི་གཙུག་ན། །གང་གི་བཀའ་ལུང་ངལ་གསོ་བ། །འཛམ་གླིང་ས་ཡི་ཐིག་ལེ་ཏཱ་མིང་ཞེས། །ཡོངས་སུ་གྲགས་པའི་སྙན་པས་ཕྱོགས་ཀུན་གྱི། །སྐྱེ་རྒུའི་རྣ་བའི་རྒྱན་དུ་བྱས་པ་དེས། །ཞབས་རྡུལ་འོད་འབར་གཙུག་རྒྱན་བཞིན་མཛད་པ། །དེ་ནི་དཔལ་ལྡན་ཐུབ་པའི་རིང་ལུགས་པ། །འགྲོ་བའི་ཡོན་གནས་བླ་ན་མེད་པའི་ཞིང་། །སྙིགས་དུས་འགྲོ་བའི་རེ་སྐོང་དཔག་བསམ་ཤིང་། །མགོན་ཁྱོད་བསོད་ནམས་ཞིང་དུ་ཞབས་བརྟན་ཅིག །

        དེ་ལྟར་འདོད་པའི་ལྷ་ལ་ཕྱག་འཚལ་བ་དང་སྐབས་སུ་བབ་པའི་ཤིས་པ་བརྗོད་པའི་ངག་སྔོན་དུ་བཏང་ནས་རྣམ་པར་དཀའ་བའི་དགེ་ལེགས་གསེར་གྱི་ས་གཞི་ཆེན་པོའི་ཁྱོན་ལས་ནི་བསྲུངས། ཐབས་ལ་མཁས་པའི་བསྡུ་བཞིའི་བང་རིམ་གདུལ་བྱའི་ཉེར་འཚོའི་གནས་དམ་པས་ནི་མཛེས། དཔལ་དང་འབྱོར་བའི་རླབས་ཀྱི་ཕྲེང་བ་ཆལ་ཆིལ་གཡོ་བའི་རྒྱ་མཚོ་ཆེན་པོའི་དབུས་ན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཚུལ་གྱིས་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པའི་རིའི་དབང་པོ་གཉིས་པ་དེའི་སྤྱན་སྔར་ཞུ་བ་ནི། གངས་རིའི་ཁྲོད་པ་དང་། རྒྱ་ནག་པོའི་འགྲོ་བ་དུ་མའི་མཐོ་རིས་དང་བྱང་གྲོལ་གྱི་ལམ་ལྟ་བའི་བློ་གྲོས་ཀྱི་མིག་ལེགས་པར་བཤད་པའི་གཏམ་གྱིས་ཡོངས་སུ་སྦྱངས་ནས་སླར་ཡང་སྐུ་ལ་སྙུན་མེད་པར། དབུས་ཀྱི་ཕྱོགས་སུ་ཕེབས་པའི་གཏམ་གླེངས་པ་ཡང་དང་ཡང་དུ་ཐོས་པས་ཡིད་ཀྱི་ཤིང་བལ་དགའ་བའི་རླུང་གི་ཤུགས་ཀྱིས་ཀུན་ནས་བསྐྱོད་པར་གྱུར་ཏོ། །

        དེ་ལྟ་བུའི་སྐབས་སུ། འཕགས་པ་རྣམས་ནི་མཐོང་ན་བདེ། །དམ་པ་རྣམས་དང་འགྲོགས་པ་བདེ། །ཞེས་ཇི་སྐད་གསུངས་པ་བཞིན། སྐུ་ཡི་རྒྱལ་མཚན་ལྟ་བའི་ཕྱིར་དུ་ཉིད་ཀྱི་གམ་དུ་ལྷགས་པར་རིགས་ནའང་། ལོ་ཁ་ཅིག་གི་རིང་ལ་རི་མི་འབབ་ཀྱི་དམ་བཅའ་བརྟན་པོ་ཅིག་བགྱིས་ན་ཤིན་ཏུ་དགའ་བར་མཐོང་ནས་ཡོས་ལོའི་དཔྱིད་སྟོད་ནས། དེ་འདྲ་བའི་ཡི་དམ་བརྟན་པོ་ཞིག་བགྱིས་པའི་གཞན་དབང་དུ་གྱུར་པས་རེ་ཞིག་ལ་མཇལ་བས་རྔོ་མ་ཐོགས། འོན་ཀྱང་། ལུས་ནི་རིང་ན་གནས་ན་ཡང་། །སེམས་དག་མཛའ་བ་མི་ཉམས་ཏེ། །དཔག་ཚད་དུ་མའི་བར་གནས་པའི། །པདྨོའི་གཉེན་དང་པད་ཚལ་བཞིན། །སྐབས་ཀྱི་དོན་ཉེ་བར་བསྡུས་ཏེ་ཞུ་བ་ནི། སྐྱེ་རྒུའི་བདེ་ལེགས་འབྱུང་བའི་སྒོ་གཅིག་པུ། །ཐུབ་བསྟན་རྒྱས་པའི་ཁུར་ཆེན་འཁྱེར་བ་ལ། །ཉིད་ལས་མཐུ་ཆེན་གཞན་འགའ་མ་མཆིས་པས། །ཚུལ་དེར་བརྩོན་པའི་རྒྱལ་སྲས་སྤྱོད་པ་ལ། །བདག་འདྲས་གསོལ་བ་བཏབ་ལ་ལྟོས་ཅི་འཚལ། །འོན་ཀྱང་ཡིད་འཕྲོག་དམར་སེར་ལི་ཁྲིའི་མཚོར། །ཉི་མ་གཞོན་ནུའི་འོད་ཟེར་ཞུགས་པ་ན། །སྔོན་ལས་ཆེས་ཆེར་མཛེས་ལ་འགལ་བ་ཅི། །མི་མཉམ་བསོད་ནམས་རྟ་བདུན་ཤིང་རྟ་ཡིས། །གངས་ཅན་བྱ་ལམ་ཡངས་པར་ལེགས་དྲངས་ཤིང་། །འཕྲིན་ལས་འོད་སྟོང་འགྱེད་པའི་མཛད་པ་ཅན། །ཐུབ་བསྟན་པདྨའི་ཚལ་གྱི་གཉེན་གཅིག་པུ། །མང་ཐོས་ལུང་གི་འདབ་བརྒྱ་རྒོད་པ་དང་། །ཚུལ་བཞིན་སྒྲུབ་པའི་གེ་སར་འཛུམ་པ་ཡིས། །གསུང་རབ་སྦྲང་རྩིའི་དཔལ་ལ་རོལ་འདོད་པའི། །སྐལ་བཟང་བུང་བའི་དགའ་སྟོན་རྒྱས་པར་མཛོད། །ལྟ་བུ་གཞོན་ནུའི་རྩེད་འཇོར་དགའ་བའི་ཚལ། །ཆགས་ལྡན་མིག་གི་བདུད་རྩིར་ལང་ཚོའི་དཔལ། །གཏམ་སྙན་དོན་གཉེར་རྣ་བར་ཡིད་འོང་འཕྲིན། །ཏིང་འཛིན་ལ་ཆགས་ཡིད་ལ་བསམ་གཏན་བདེ། །ཇི་ལྟར་དེ་བཞིན་བརྩོན་པའི་གོ་བགོས་ཤིང་། །རྣམ་དཔྱོད་ཡངས་པའི་ཡིད་རབ་ཚིམ་བྱེད་པ། །ཐུབ་པའི་ལེགས་བཤད་ལས་གཞན་དགའ་སྟོན་གང་། །དེ་སླད་རྒྱལ་བའི་བསྟན་པ་རྒྱས་པར་མཛོད། །རྒྱུ་མཚན་ཞིབ་པར་དགེ་བའི་བཤེས་གཉེན་དཔོན་སློབ་ཀྱིས་ཞུ་བའོ། །

        ཅེས་ཉེར་བཞི་ལ་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཞུས་པའི་སྐྱེས་ཀྱི་མཚོན་པར། བྱང་རྭ་སྒྲེང་གི་རྟེན་བྱིན་རླབས་ཅན་གཅིག་ཏུ་བྱེད་པའི་མི་ཕམ་ཆོས་རྗེའི་སྐུ་བཟང་པོའི་བཞུགས་སྟངས་མཛད་པའི་ལི་མ་གཅིག སྲབ་མོ་དཀར་མོ་བུབས་གཅིག ཕྲུག་དམར་གཅིག ཁར་ཁེབས་གཅིག བཙུགས་ཞྭ་དམར་པོ་གཅིག་འབུལ་བ་ལགས། འདི་ཆོས་རྗེ་ཀརྨ་པ་དེ་བཞིན་གཤེགས་པའི་དྲུང་དུ་ཕུལ་བའོ། ། 

                                                              རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།