རྗེའི་རྣམ་ཐར་ཆེན་མོ་ལས་ཙོ་ཙ་དཀའ་བཅུ་ལ་གནང་བའི་གསུང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-14 10:36:11     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཙོ་ཙ་དཀའ་བཅུ་ལ་གནང་བའི་གསུང་ནི། སྭ་སྡི། དབེན་པའི་ཡོན་ཏན་མཐོང་བས་ཡིད་དྲངས་ཏེ་ཕྱི་ནང་གི་གཡེང་བ་ཀུན་རེ་ཞིག་དོར་བའི་རྣལ་འབྱོར་བ་དོན་ཡོད་རྡོ་རྗེས། སྡོམ་བརྩོན་དམ་པ་དཀའ་བཅུ་པ་ཡོན་ཏན་རྒྱལ་མཚན་ལ་ཡང་དག་པར་རྟོགས་པར་བྱེད་པ་འདི་ལྟ་སྟེ། ཁོ་བོས་ལྷོ་བྲག་སྟོང་རི་ཉི་ཤར་གྱི་དགོན་པར་རེ་ཞིག་མང་དུ་ཐོས་པ་འཚོལ་བ་ལ་བསྐུལ་བ་ལྟར་ཁྱེད་ཀྱིས་མཛད་ནས་འདི་ཕྱོགས་སུ་ཐེག་པ་བླ་ན་མེད་པའི་རིམ་པ་གཉིས་ལས། རྣལ་འབྱོར་ལྷུར་བླང་བའི་ཕྱིར་དུ་ཐག་རིང་པོ་ནས་བྱོན་པ་ནི། བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་དབེན་པར་ཚུལ་བཞིན་ཡིད་ལ་བྱེད་པའི་དོན་དུ་གོམ་པ་བདུན་བོར་བ་ལ་ཡང་བསྔགས་པ་རྒྱ་ཆེར་གསུངས་པ་ལྟར་ཡིན་པས་ཤིན་ཏུ་ལེགས་ལ།

        རྗེ་བཙུན་བྱམས་པས་རྒྱལ་སྲས་ནོར་བཟང་ལ་ཇི་སྐད་དུ། ནོར་བཟང་ནོར་རྣམས་རབ་ཏུ་བརྟན་པའི་བུ། །མཁས་པ་དེ་ཡི་དྲུང་དུ་འོངས་པ་ལེགས། །ལེགས་པར་འོངས་སམ་སྙིང་རྗེ་སེམས་ལྡན་ཁྱོད། །ལེགས་པར་འོངས་སམ་བལྟ་ན་རབ་ཞི་བ། །དབང་པོ་མ་ཞུམ་ཚུར་ཤོག་འོངས་པ་ལེགས། །སྐྱོ་མེད་བསམ་འོངས་ཚུར་ཤོག་འོངས་པ་ལེགས། །སྤྱད་པ་སྤྱོད་ཚེ་དུབ་པར་མ་གྱུར་ཏམ། །ཞེས་གསུངས་པ་ལྟར་འདིར་ཡང་དེ་སྐད་དུ་སྨྲ་བར་བྱའོ། །ཅི་རུང་རུང་དུ་མ་ཡིན་པར་ལེགས་པར་བརྟགས་ཏེ་ཡི་དམ་བཅས་པ་མཐར་འབྱིན་པ་ལ་ནི། ཡོན་ཏན་དུ་མ་དང་། དེ་ལས་བཟློག་པ་ལ་ནི་ཉེས་དམིགས་དེ་བཞིན་དུ་གསུངས་པའི་རྗེས་སུ་སློབ་པས་ན། ཁྱད་པར་ཤིན་ཏུ་གལ་ཆེ་ཡང་ཕྲད་པར་མ་གྱུར་བའི་རྒྱུ་མཚན་ནི། ཁྱེད་རང་གི་འཕྲིན་ཡིག་ན་འདུག་པ་ལྟར་ལགས།

        ལམ་མཐར་ཐུག་པ་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་གྱི་བ་སྤུའི་ཁུང་བུ་གཅིག་ལ་མཆོད་པས་རྒྱལ་བ་ཐམས་ཅད་ལ་མཆོད་པ་ཟིལ་གྱིས་གནོན་པར་ཐེག་པ་བླ་ན་མེད་པར་གསུངས་པ་ནི། ཕན་འདོགས་པ་བླ་ན་མེད་པའི་ཞིང་དུ་སངས་རྒྱས་ལས་ཀྱང་ཆེས་མཆོག་ཏུ་གྱུར་པའི་གཏན་ཚིགས་དང་བཅས་པ་ཡིན་ལ། ཚུལ་དེ་ལ་ངེས་པ་རྙེད་ནས་རང་གི་ཚེ་དང་བསོད་ནམས་དང་དགེ་བའི་རྩ་བ་ལ་སོགས་ཐམས་ཅད་དགེ་བའི་བཤེས་གཉེན་སྲིད་པ་ཇི་སྲིད་པར་བཞུགས་པའི་དོན་དུ་འབུལ་ཞིང་། དེ་ལྟར་བསྒྲུབ་པར་ཁས་བླངས་པའི་སྒོ་ནས་བཟླས་པའི་གྲངས་ཉི་ཤུ་རྩ་གཅིག་ཀྱང་འདོན་པར་ཞུ་ཞེས་པ་ནི། རྣམ་དཔྱོད་ཅན་གྱིས་ཚོགས་བདེ་བླག་ཏུ་རྫོགས་པའི་ཐབས་ཡིན་པས་ཤིན་ཏུ་ཡི་རང་ཞིང་དེ་བཞིན་དུ་ཡང་བགྱིའོ། །དམ་པ་རྣམས་ལས་ལེགས་བཤད་གཏམ། །ཇི་སྲིད་མ་ཐོས་དེ་སྲིད་དུ། །དཀའ་བ་སྤྱོད་པ་མི་འདོར་བས། །དེས་ནི་དེ་ལ་དོན་ཆེན་བྱེད། །ལོ་བདུན་འདས་ནས་ཆོས་འཕགས་ཀྱིས། །ནམ་ཞིག་ཆོས་སྟོན་འགྱུར་ཞིག་གུ །སྙམ་ནས་དུས་འདས་རྟག་ཏུ་ངུ་། །ཆོས་ཐོས་གྱུར་ཚེ་ཏིང་འཛིན་གྱི། །སྒོ་མཐའ་ཡས་པ་ཐོབ་པ་ཡང་། །མ་འོངས་སྐྱེ་བོ་ལ་བསྟན་ཕྱིར། །རྒྱལ་བ་མཁྱེན་ཅིང་གཟིགས་པ་དེས། །གསུངས་པ་རྣམས་ཀྱང་བསམ་པར་རིགས། །དཔྱོད་ལྡན་ཁྱོད་ལ་ལེགས་པར་བཤད་པའི་གཏམ། །སྔོན་ཆད་རྣམ་གྲངས་དུ་མས་བསྟན་མོད་ནའང་། །ལང་ཚོ་མི་རྟག་ལེགས་བཤད་གསར་པ་འདི། །དགའ་བ་བསྐྱེད་ལ་བསྔགས་པས་འདིར་ཡང་སྨྲས། །ཞེས་པ་འདི་ནི་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། ཙོ་ཙ་དཀའ་བཅུ་པ་ཡོན་ཏན་རྒྱལ་མཚན་ལ་གདམས་པའི་ཡི་གེ་པ་ནི་སྙེ་ཐང་གུ་ན་ཤྲཱི་བྷ་དྲའོ། །  

                                                                                                                                                     རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།