རྗེའི་རྣམ་ཐར་ཆེན་མོ་ལས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་བ་ནར་མར་བསྐྱངས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-14 10:24:20     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་ང་དྲུག་པའི་ཆུ་འབྲུག་ལོ་ལ་ཡང་དཔོན་སློབ་བཞི་བཅུ་རྩ་གྲངས་ཀྱི་སྔར་བཞིན་མཛད་ནའང་། བར་ཆད་བཟློག་པའི་མཚན་མ་གསལ་བ་རང་ནི་མ་བྱུང་གསུང་། ལོ་དེའི་སྟོན་གྱི་དུས་སུ་རྗེའི་ཞལ་ནས། ད་ཡང་ཡང་བཤད་པ་ཨེ་ཡོད་མི་ཤེས་པས་ད་ལན་རྒྱུད་སྡེ་བཞིའི་གཙོ་བོ་རྣམས་ཀྱི་བཤད་པ་རེ་སྨོན་ལམ་གྱི་རྟེན་དུ་བྱེད་པ་ཡིན་གསུངས་པ་ལ། འཁོར་གྱི་ཐོག་མ་རྣམས་ཀྱིས་བཀའ་བགྲོས་ནས། ད་མཚན་མ་ངན་པའི་ལོ་དུས་ཀྱིས་གཏུགས་པས། རྗེའི་ཞལ་སྔ་ནི་སྐུ་མཚམས་དམ་པར་བཞུགས་པ་ཐུགས་རྗེས་གཟུང་འཚལ། བདག་ཅན་རྣམས་ཀྱིས་ཀྱང་སྐུ་རིམ་ལ་འབད་ནས་བསྒྲུབ་པར་བགྱི་ཞེས་ནན་ཆེས་གསོལ་བ་བཏབ་པ་ལ་བརྟེན་ནས། འབྲུག་ལོ་ཟླ་བ་བརྒྱད་པའི་ཚེས་བདུན་གྱི་ཉིན་ནས། རྗེའི་ཞལ་སྔ་ནས་གཙོ་མཛད་དཔོན་སློབ་སུམ་ཅུ་རྩ་གྲངས་སྐུ་མཚམས་ལ་བཞུགས་ཤིང་། དེ་ནས་དྲག་ཤོས་རྣམས་རིམ་གྱིས་སྐུ་མཚམས་ལ་བཞུགས་ནས་སྔར་བཞིན་སྐུ་རིམ་བསྒྲུབས།

        དེའི་ཚེ་རྗེ་རིན་པོ་ཆེས་ནམ་མཁའ་གང་བའི་ལྷ་ཚོགས་དང་། ཁྱད་པར་དུ་འཇམ་པའི་དབྱངས་སོགས་གཟིགས་སོ། ། ཉིན་ཅིག་ཐུགས་དམ་ལ་བཞུགས་པའི་ཚེ་སྟེང་གི་སྣ་རྩེའི་ཕྱོགས་ལ་ཨ་བ་ངྷཱུ་ཏིའི་ཡར་སྣའི་ཐད་ན་མར། ཨེ་ཝཾ་གྱི་གཟུགས་འོད་ཀྱི་ཐག་པ་སྐྱ་ནར་ར་ར་འོང་བ་ཞིག་མནལ་ལམ་དུ་བྱུང་། དུས་དེ་ནས་ཐུན་མོང་མིན་པའི་ཞུ་བདེ་ཁྱད་པར་ཅན་དང་སྟོང་པ་ཉིད་སྦྱར་བའི་བདེ་སྟོང་གི་ཡེ་ཤེས་དགའ་བ་བཞི་དང་སྟོང་པ་བཞིའི་བདག་ཉིད་ཅན་འཁྲུངས་ནས་དེ་ཕྱིན་ཆད་བདེ་སྟོང་གི་ཡེ་ཤེས་ཁྱད་པར་བ་ནར་མར་བསྐྱངས་པས། མཉམ་བཞག་ཏུ་བདེ་སྟོང་གི་ཡེ་ཤེས་རྒྱུད་སྡེ་ནས་གསུངས་ཤིང་། གྲུབ་ཆེན་གྱི་གཞུང་ལས་བྱུང་བ་ཕྱི་རོལ་པ་དང་ནང་བ་གཉིས་ཀའི་ཏིང་ངེ་འཛིན་ཐུན་མོང་བའི་ཆར་གཏོགས་ཙམ་རེ་ལ་བདེ་སྟོང་གི་ཡེ་ཤེས་སུ་མིང་བཏགས་པ་དེ་ལྟ་བུ་མ་ཡིན་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅིང་རྗེས་ཐོབ་ཏུ་གང་ཤར་ལྷའི་འཁོར་ལོ་བདེ་སྟོང་གི་རོལ་བར་འཆར་བས་དུས་འདའ་བར་གྱུར་ཏེ། ཚུལ་འདི་ནི་རྒྱུད་སྡེ་དང་གྲུབ་ཆེན་གྱི་མན་ངག་ལ་བློའི་འཕྲིག་ཚུད་པ་ཞིག་གིས་བསམས་ན་དཔག་པར་དཀའ་བའི་མངོན་པར་རྟོགས་པའི་ཡོན་ཏན་རྡོ་རྗེ་འཆང་ཆེན་པོ་ཚེ་འདི་ཉིད་ལ་སྟེར་བའི་ལམ་གྱི་རིགས་ཐུགས་རྒྱུད་ལ་འཁྲུངས་པ་ཡིན་པར་ཤེས་པར་གྱིས་ཤིག ཅེས་གསུངས་སོ། །

        དེ་ནས་གོང་དུ་སྨྲས་པ་ལྟར་སྐུ་རིམ་ལ་འབད་ཀྱང་ཟླ་བ་བཅུ་གཅིག་པའི་ནང་ནས་སྐུ་ཁམས་ཅུང་མི་བདེ་བ་གཅིག་བྱུང་སྟེ། དེ་ནས་བཟུང་སྟེ་སྐུ་ཁམས་བསྙེལ་བ་ཡུན་རིང་དུ་བྱུང་བའི་གནས་སྐབས་སུའང་། མནལ་གཏན་ནས་མེད་པ་ཞག་ཉི་ཤུ་རེ་ཙམ་འཐུད་པ་དང་། སྐུའི་སྨད་ཀྱི་ཆ་ལ་སྙུང་ཟུག་ངུ་མངོན་པ་དེ་འགའ་ཡོད་གསུང་བ་མ་གཏོགས། ཐུགས་དམ་ཟབ་མོ་ལ་མངའ་བརྙེས་པའི་ཏིང་ངེ་འཛིན་ལ་གཡོ་བ་མི་མངའ་བའི་དབང་གིས། གསོལ་བ་ཆེར་འགག་པ་དང་། ཐུགས་དམ་ལ་སྦྱོར་མི་བཟོད་པ་སོགས་ཡེ་མེད་པས། ཕྱི་ནས་མངོན་པའི་མི་བདེ་པ་མངོན་མཚན་ཅན་རང་ནི་མེད། དེའི་སྐབས་སུ་སློབ་དཔོན་དཀའ་བཅུ་པའི་ཞལ་སྔ་ནས་གཙོ་མཛད་དགེ་འདུན་བྱིངས་དང་། ནང་དུ་སྐུ་ལ་ཉེ་བར་གནས་པ་འགའ་ཞིག་དང་བཅས་པས་ལོ་ངོ་སྤྲེལ་གྱི་བར་དུ་ཅུང་ཟད་ཀྱང་གཡེལ་བ་མེད་པ་སྐུའི་རིམ་གྲོ་ཉིན་མཚན་ཁོར་ཡུག་ཏུ་བསྒྲུབ་པ་ལ་བསམ་གྱིས་མི་ཁྱབ་པོ། །

        ཡང་མཚམས་ཤིག་ཏུ་མ་གཅིག་དཔོན་པོ་ལ་གནང་བའི་གསུང་ནི། དཔོན་པོ་ཁམས་སྙོམས་ལམ་བདེ་བར་བྱས་ཏེ། འཇིག་རྟེན་གྱི་མིག་ཏུ་གྱུར་པ་མཁན་པོ་ཡེ་ཤེས་སྡེའི་གདམས་པ་དང་རྗེས་སུ་བསྟན་པ་རྣམས་འབད་པས་བསྒྲུབས་ཏེ་ཁྱེར་འོངས་པ་བདག་གི་སུག་པར་ཕྱིན་པས་ཟང་ཟིང་མེད་པའི་དགའ་བ་འཕེལ། འདིར་ཁ་སང་མཚམས་གློད་པ་ཡུན་རིངས་པས་རེ་ཤིག་མཚམས་དམ་པའི་ཡི་དམ་བརྟན་རབ་གཅིག་བགྱིས་བདོག ལར་ཡང་འོང་བར་ངེས་པའི་འཆི་བ་མི་དྲན་ཞིང་ལས་དང་འབྲས་བུའི་ཚུལ་ལ་ངེས་པ་མི་བརྟན་པས་ལུས་འདུ་འཛི་དང་སེམས་ལ་སྟོབས་མེད་པ་ཉེས་ལྟུང་གི་གོ་སྐབས་དུ་མ་བྱེ་བར་འགྱུར་ཞིང་། དེའི་ཚེ་ཇི་ལྟ་བུ་ཡིན་དྲན་པར་མ་ནུས་ནའང་། གཅིག་ཏུ་ཚུལ་བཞིན་དུ་སེམས་པ་ཐན་ཐུན་བྱུང་བའི་ཚེ། གཉིས་སུ་མེད་པར་གསུངས་པ་བདེན་པ་གསུང་བ་གཞན་དུ་མི་གསུང་བའི་སྟོན་པ་དེའི་རྗེས་སུ་བསྟན་པ་དྲན་པ་ན། བདག་གི་འགྲོ་བ་ནི་ཅི་འདྲ་ཞིག་ཏུ་འགྱུར་ཞིག་གུ་སྙམ་ནས་འགྱོད་པ་དྲག་པོ་སྐྱེ་བར་སྣང་བས་ནང་དུ་ཉལ་བ་ལྷུར་བླངས་པར་སྒོམ་པ་ཡིན། ཁྱེད་རང་ཡང་། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཞེས་གང་གསུངས་པའི་དོན་ཡིད་ལ་བྱེད་པ་མ་ཉམས་པར་བགྱིས་ཏེ། ཡིད་བརྟན་སྐད་ཅིག་ཀྱང་མི་རུང་བའི་ལུས་ལ་སྙིང་པོ་བླང་བ་ལ་འབོད་མཛོད། ཅེས་མཚམས་ནང་ནས་ཡི་གེར་བྲིས་ཏེ་མ་གཅིག་དཔོན་པོ་ལ་གནང་བའོ། ། 

                                                                 རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།