རྗེའི་རྣམ་ཐར་ཆེན་མོ་ལས་བུ་སློབ་ལ་གནང་བའི་བསླབ་ཚིག་འགའ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-14 10:01:26     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་སྒོམ་པ་གྲགས་པ་རིན་ཆེན་ལ་གནང་བའི་བསླབ་ཚིག་ནི། འགྲོ་བའི་གཉེན་གཅིག་རྒྱལ་བ་ཡི། །ཞབས་ལ་གུས་པས་ཕྱག་འཚལ་ཏེ། །དེ་ཡི་བསྟན་ལ་རབ་དད་པ། །བློ་གྲོས་ཅན་གྱིས་སྤྲིངས་པ་ཡི། །སྐྱེས་བཅས་ཡི་གེ་འཕྲོད་པ་དང་། །གདུགས་རེ་ཞིང་ཡང་དགེ་བ་ལ། །རབ་ཏུ་བརྩོན་པར་མཛད་དོ་ཞེས། །ཐོས་པས་བདག་ཉིད་རངས་པར་གྱུར། །སྐྱེས་བུའི་ནོར་མཆོག་རྣམ་དཔྱོད་དེ། །དད་པ་དཀར་ཆོས་ཀུན་གྱི་གཞི། །དོན་མེད་འདའ་བ་བརྩོན་པས་སེལ། །དེ་ཕྱིར་དེ་དག་འབད་པས་བསྟེན། །བློ་དང་ལྡན་པས་ལེགས་སྤྱད་གང་། །ཚེགས་ནི་ཆུང་ངུས་བསོད་ནམས་སྒོམ། །དུ་མ་རྙེད་པས་དེ་ཚོལ་ལ། །རང་གཞན་ཇི་ལྟར་རིགས་པར་སྦྱོར། །དོན་ལྡན་ཚིག་ནི་དེ་རེས་ཀྱང་། །ཤེས་རབ་ཅན་ལ་དོན་ཀུན་བྱེད། །སངས་རྒྱས་ཀུན་གྱི་གསུང་གིས་ཀྱང་། །རྨོངས་ལ་ཕན་པ་བསྒྲུབ་པར་དཀའ། །འཇིག་རྟེན་འདིར་ཡང་བདེ་འགྱུར་ལ། །ཕ་རོལ་དང་ཡང་མི་འགལ་བ། །ཚུལ་དེ་རིག་པར་གྱུར་བ་ལ། །མཁས་རྣམས་ཤེས་རབ་ཅན་ཞེས་སྨྲ། །ཞེས་པ་འདི་ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། །བློ་གྲོས་ཀྱི་ནོར་ཅན་བསྒོམ་པ་གྲགས་པ་རིན་ཆེན་ལ་གདམས་པའོ། །ཞེས་སོ།

        ཡང་བློ་གྲོས་འཕེལ་ལ་གནང་བའི་བསླབ་ཚིག་ནི། །བློ་ལྡན་ཁྱོད་ཀྱིས་བདག་ལ་ཕན་འདོད་ན། །ཚེ་འདིའི་འཚོ་ཚིས་ཇི་ལྟར་བྱས་ཀྱང་ཕྱིར། །འཇིག་རྟེན་ཕྱི་མར་ངེས་པར་འགྲོ་འཚལ་བས། །དེ་ཕྱིར་ཕྱི་མ་དོན་དུ་གཉེར་བར་རིགས། །མི་ཡི་ལུས་དང་བསྟན་དང་མཇལ་བ་ནི། །ཡང་ཡང་མི་རྙེད་ད་རེས་ཙམ་ལགས་ཤིང་། །འདི་ན་དོན་ཆེན་འགྲུབ་པའི་གནས་ཡོད་པས། །ཚུལ་འདི་སོམས་ལ་མི་ལུས་སྙིང་པོ་ལོང་། །དེང་བྱ་སང་བྱའི་བསམ་པས་འབྱམས་གྱུར་ན། །འཆི་བས་གཏུགས་ནས་ཅི་བགྱིད་མ་མཆིས་པས། །དེ་ཕྱིར་ཐོས་པའི་དོན་རྣམས་དེ་མ་ཐག །ཕྱི་བཤོལ་མི་བྱ་ལག་ཏུ་བླང་བར་རིགས། །དྲན་ཤེས་གོ་ཆ་བྲལ་བའི་སྐྱེ་བོ་ལ། །ཡུལ་གྱི་ཆོམ་རྐུན་དག་གིས་རྟག་ཏུ་འཚེ། །དགེ་བའི་ལས་ལའང་གྲོགས་བྱེད་དཀོན་པས་ན། །མཁས་པས་གཞན་གྱི་དྲིང་ལ་མི་གཞག་གོ །སློབ་དཔོན་བློ་གྲོས་འཕེལ་ཞེས་བྱ་བ་ལ་ཡིག་ལན་མཛད་པ་ལས་ཁོལ་དུ་ཕྱུང་པའོ། །ཞེས་སོ། །

        ཡང་ས་སྐྱ་པ་ངག་དབང་གྲགས་པས། །ཐུབ་དབང་ཞིང་འདིར་ཁྱོད་ཉིད་འཁོར་ནས་ནི། །ཐུབ་བསྟན་གསལ་བའི་འཕྲིན་ལས་འདི་འདྲ་ན། །ཐུབ་པའི་རྒྱལ་ཚབ་བདག་གིས་ཅི་བྱ་ཞེས། །མི་ཕམ་མགོན་དེས་ཕྲག་དོག་མི་མཛད་དམ། །ཞེས་སོགས་ཀྱི་ཡི་གེ་ཕུལ་བའི་ལན་དུ་གནང་བའི་ཡི་གེ་ནི། །སྲིད་པའི་ཕུན་ཚོགས་དུ་མའི་རྩེར་སོན་ཅིང་། །མངོན་རློམ་རི་བོ་མཐོན་པོ་ལ་འཛེག་པ། །ཚངས་དང་ལྷ་ཆེན་རྣམས་ཀྱི་གཙུག་གིས་ཀྱང་། །གང་གི་ཞབས་རྡུལ་གུས་པས་རབ་བསྟེན་པ། །ལྷ་ཡི་ལྷར་གྱུར་རྗེ་བཙུན་མཁྱེན་པའི་གཏེར། །འཇམ་པའི་དབྱངས་ཀྱིས་འགྲོ་བའི་དབུགས་འབྱིན་པ། །འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་དེ། །སྐྱེ་ཞིང་སྐྱེ་བར་གཙུག་ན་མཛེས་གྱུར་ཅིག །རྣམ་དཀར་ལས་ཀྱི་བྱེད་པོ་ཡིས། །རྣམ་དཔྱོད་བགོ་སྐལ་ལྷག་བྱིན་པས། །རྣམ་མང་གཞུང་ལ་མངའ་བརྙེས་པ། །རྣམ་འདྲེན་བཤེས་གཉེན་དམ་པ་རྒྱལ། །རྒྱལ་བའི་གསུང་རབ་མདོ་སྔགས་ཀྱིས་བསྡུས་པའི་ནང་རིག་པ་དང་། ཐ་སྙད་ཀྱི་གཞུང་དུ་མ་ལ་རྣམ་དཔྱོད་ཀྱི་སྣང་བ་ཆེར་རྒྱས་པའི་བཤེས་གཉེན་ཆེན་པོ་དཔལ་ངག་དབང་གྲགས་པ་སྐུ་ཁམས་རིན་པོ་ཆེ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་ཞབས་བརྟན་ཅིང་འཕྲིན་ལས་བཟང་པོ་ཕྱོགས་སུ་རྒྱས་པའི་སྐབས་ནས། །དོན་བཟང་ལ་ཚིག་གི་སྦྱོར་བ་ལེགས་པའི་འཕྲིན་ཡིག་གཟུངས་སྔགས་ཀྱི་སྐྱེས་དང་བཅས་པ་བདག་གི་སུག་པར་ཕྱིན་པས་ཡིད་ཤིན་ཏུ་རངས་པར་བྱས། འདིར་ཡང་དགེ་བར་མཆིས། དམ་པ་ཁྱེད་གཞན་གྱི་ལེགས་པར་བཤད་པ་ཕུན་སུམ་ཚོགས་པ་མཐོང་བས། རང་གི་ཡིད་ཚེར་མའི་མལ་དུ་མི་འཇུག་པར་མ་ཟད། ཚིག་དང་དོན་གྱི་རོ་མྱངས་བ་ལས་བྱུང་བའི་དགའ་བདེ་འཕེལ་བར་བྱུང་གསུང་བ་ནི། རིགས་པ་དང་། མི་རིགས་པ་ཚུལ་བཞིན་དུ་དཔྱོད་པར་ནུས་ཤིང་། །གཟུ་བོའི་བློ་དང་ལྡན་པའི་དམ་པ་རྣམས་གང་ནས་གཤེགས་པའི་ལམ་དེ་ཉིད་ནས་སོང་བར་མཐོང་ནས་བདག་གི་ཡིད་ཀྱང་ཆེས་དྲངས་པས་ངག་གིས་དམ་པ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་འདི་འདྲ་བས་སོ་ཞེས་གཞན་ལའང་གྲགས་པའི་ཕྲེང་བ་སྤེལ་ཞིང་མཆིས། ཐོས་མང་མཁྱེན་པ་རྒྱ་ཆེ་ལ། །རིགས་ལམ་དུ་མར་ངལ་བྱས་ཤིང་། །བརྩོན་ལྡན་གཟུར་གནས་ངང་ཚུལ་ཅན། །ཁྱེད་ལ་མང་དུ་སྨོས་ཅི་དགོས། །དེ་ལྟ་ན་ཡང་མ་འདྲིས་མཛའ་བཤེས་ལ། །ཅུང་ཟད་གསོལ་བ་འདི་ཡང་དགོངས་པར་མཛོད། །སྲིད་ཞིའི་ཕུན་ཚོགས་འབྱུང་བའི་སྒོ་གཅིག་པུ། །རྒྱལ་བའི་བསྟན་པ་རིང་དུ་གནས་པ་ནི། །གཞུང་ལུགས་གདམས་པར་ཤར་བའི་མང་ཐོས་ཀྱིས། །སྒྲུབ་པ་སྙིང་པོར་བྱེད་ལ་རག་ལས་པས། །མཁས་ཁྱོད་མང་ཐོས་དོན་ལྡན་མཛད་པ་ཡིས། །ལྷ་དང་བཅས་པའི་འཇིག་རྟེན་མགུ་བར་མཛོད། །སྐལ་བཟང་རྣམ་དཔྱོད་ཅན་གྱི་སྐྱེ་བོ་ཡིས། །སྙིང་ནས་ཤེས་པར་འདོད་པའི་འབེལ་གཏམ་མོ། །ཡིད་ལ་སྐལ་བཟང་སྩོལ་བ་ལས་ལྷག་པའི། །དགའ་བའི་ལོངས་སྤྱོད་འདི་ན་མ་མཆིས་པས། །དེ་ཕྱིར་ཐེག་མཆོག་གཏམ་གྱི་འགྲོ་བ་ལས། །བྱུང་བའི་དགའ་དང་བདེ་དང་དང་བ་ཡིས། །ལུས་ཀྱི་སྤུ་ལོང་རྒྱས་པའི་དགའ་སྟོན་ལ། །ཡང་ཡང་འདུ་བའི་སྨོན་པའང་བགྱིད་པར་འཚལ། །ཞེས་དབོ་ཟླའི་ཉེར་གཉིས་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་བློ་བཟང་གྲགས་པའི་དཔལ་གྱིས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག ཅེས་པའི་སྐྱེས་ཀྱི་བརྡའ་མཚོན་ཙམ་དུ་དར་ཆེན་དཀར་པོ་མཆུ་འགྲིལ་ཡོད་པ་ཁ་གང་ཕུལ། །ཞེས་སོ། ། 

                                                                   རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།