རྗེའི་རྣམ་ཐར་ཆེན་མོ་ལས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པར་བསྐུལ་བའི་ཚིགས་སུ་བཅད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-14 09:11:19     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་མཚམས་ཤིག་ཏུ་ལྷ་བཟོ་ཅིག་ལ་གནང་བའི་ཞལ་གདམས་ནི། ན་མོ་གུ་རུ་མཉྫུ་གྷོ་ཥཡ། འགྲོ་བ་ཀུན་གྱི་བདེ་དང་ལེགས་པའི་དཔལ། །གང་ཞིག་སྐྱབས་སུ་བཟུང་བས་སྩོལ་མཛད་མ། །སྡུག་བསྔལ་ཅན་རྣམས་སྐྱོབ་པའི་ཁུར་འཁྱེར་བའི། །རྗེ་བཙུན་སྒྲོལ་མ་དེ་ལ་གུས་ཕྱག་འཚལ། །གང་དག་སྡུག་བསྔལ་རྒྱ་མཚོ་ཆེར་ལྷུང་བ། །དེ་དང་དེ་དག་ང་ཡིས་བསྒྲལ་ལོ་ཞེས། །རླབས་ཆེན་དམ་བཅའ་རྗེས་སུ་སྒྲུབ་མཛད་པའི། །བརྩེ་ལྡན་མ་དེའི་ཞབས་ཀྱི་ཆུ་སྐྱེས་ནི། །གང་གིས་གུས་པས་སྤྱི་བོས་རབ་མཆོད་པ། །དལ་བའི་རྟེན་བཟང་རྙེད་པའི་བཞིན་བཟང་ཁྱོད། །ཁོ་བོས་ཕན་པ་སྨྲས་པའི་རྗེས་འབྲང་ན། །མདོ་ཙམ་བཤད་ཀྱི་བསམ་པ་ཐག་པས་ཉོན། ངེས་པར་འོང་ཞིང་མྱུར་དུ་འོང་ངེས་པའི། །འཆི་བའི་བསམ་པ་ཡང་ཡང་མ་སྦྱངས་ན། །དགེ་བའི་བསམ་པ་མི་སྐྱེ་སྐྱེས་ན་ཡང་། །ཚེ་འདིའི་ཕུན་ཚོགས་ལྷུར་ལེན་ཙམ་དུ་ཟད། །དེ་ཕྱིར་གཞན་དག་འཆི་བ་མཐོང་ཐོས་རྣམས། །ཡིད་ལ་སོམས་ལ་བདག་ལ་འདི་འདྲ་ཞིག །མྱུར་དུ་འོང་ངེས་ནམ་ཡོད་ཆ་མེད་ལ། །དེ་ཚེ་ལུས་དང་ལོངས་སྤྱོད་མཛའ་ཤེས་རྣམས། །ཀུན་དང་འབྲལ་ཞིང་དགེ་དང་སྡིག་པའི་ལས། །གྲིབ་མ་བཞིན་དུ་རྗེས་སུ་འབྲང་བ་དང་། །སྡིག་པའི་ལས་ལས་རྒྱུན་རིང་ཤུགས་དྲག་པའི། །ངན་སོང་གསུམ་གྱི་སྡུག་བསྔལ་འབྱུང་བ་དང་། །དགེ་བའི་ལས་ལས་བདེ་འགྲོ་བརྒྱུད་ནས་ནི། །མྱུར་དུ་རྒྱལ་བའི་གོ་འཕང་འཐོབ་པའི་ཚུལ། །ཤེས་པར་གྱིས་ལ་ཉིན་རེ་བཞིན་དུ་སོམས། །དེ་ལྟར་བསམས་ནས་སྐྱབས་སུ་འགྲོ་ལ་འབད། །ཐུབ་པས་ཁྱིམ་པའི་རྟེན་ལ་བསྔགས་པ་ཡི། །གཏན་ཁྲིམས་ལྔ་ལ་བློ་དང་འཚམ་པར་སློབ། །དུས་མཚམས་ཉི་མར་གསོ་སྦྱོང་ཡན་ལག་བརྒྱད། །ལེགས་པར་བླངས་ནས་སྲུང་བ་ཤིན་ཏུ་གཅེས། །ལྷག་པར་འཇིག་རྟེན་གཉིས་སུ་ཕུང་བྱེད་པའི། །མྱོས་འགྱུར་འཐུང་བ་དམ་པ་རྣམས་ཀྱིས་སྨད། །དེ་ཕྱིར་བཞིན་བཟང་ཁྱོད་ཀྱིས་སྣང་བའི་གནས། །ལས་འདི་ལ་ནི་གཏན་དུ་ལོག་ན་ལེགས། །གང་ལ་སྤྱད་པས་ཕུགས་སུ་སྡུག་བསྔལ་ན། །འཕྲལ་དུ་བདེ་བར་སྣང་ཡང་བསྟེན་མི་བྱ། །དུག་དང་འདྲེས་པའི་ཁ་ཟས་གཡོས་ལགས་རྣམས། །ཀུན་གྱིས་སྤོང་བར་བྱེད་པ་མ་མཐོང་ངམ། །ཉིན་རེ་བཞིན་ཡང་དཀོན་མཆོག་མཆོད་པ་སོགས། །དགེ་ལ་འབད་ཅིང་སྔར་བྱས་སྡིག་པ་བཤགས། །སླན་ཆད་སྡོམ་པ་ཇེ་དྲག་ཇེ་དྲག་བྱ། །གང་བསགས་དགེ་བ་སངས་རྒྱས་རྒྱུ་རུ་བསྔོས། །མདོར་ན་སྐྱེ་དང་འཆི་བའི་དུས་རྣམས་སུ། །གཅིག་པུ་སྐྱེ་ཞིང་གཅིག་པུ་འཆི་བས་ན། །གྲོགས་དང་ཉེ་དུ་ལ་སོགས་ཀུན་གྱིས་བསླུ། །བསླུ་བ་མེད་པའི་མཆོག་ནི་དམ་ཆོས་ཡིན། །ཚེ་ཐུང་འདི་ནི་གློག་བཞིན་ཡུད་ཙམ་ལ། །གང་ལྟར་བྱས་ཀྱང་ཕྱིད་ཀྱི་གཏན་བདེ་གཅིག །སྒྲུབ་དུས་ད་རེས་ཡིན་ནོ་ལེགས་པར་སོམས། །དལ་འབྱོར་རིན་ཆེན་སྟོང་ལོག་མ་བྱེད་ཅིག །དེ་ལྟར་གདམས་ལས་བསོད་ནམས་གང་ཐོབ་དེས། །སྐྱིད་ཀྱང་མི་འཚེང་སྡུག་ཀྱང་མི་ཕུང་བའི། །ཚེ་འདིའི་བུན་ལོང་བསྒྲུབ་པའི་བློ་ལོག་ནས། །འགྲོ་ཀུན་ཆོས་ཀྱི་དགའ་བས་འཚོ་བར་ཤོག །འདི་ནི་འགྲོ་བའི་བསོད་ནམས་ཞིང་། །སྐུ་གཟུགས་འདྲི་བའི་ལས་ལ་མཁས། །དཔལ་ལྡན་ཞེས་བྱས་བསྐུལ་བའི་ངོར། །དགེ་སློང་བློ་བཟང་གྲགས་པས་སྨྲས། །ཅེས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པར་བསྐུལ་བའི་ཚིགས་སུ་བཅད་པའོ། །ཞེས་སོ། ། 

                                                               རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།