རྗེའི་རྣམ་ཐར་ཆེན་མོ་ལས་བུ་སྟོན་རིན་པོ་ཆེས་གསང་འདུས་རྩ་བའི་རྒྱུད་ཀྱི་བདག་པོར་ལུང་བསྟན་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-14 09:01:41     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་མནལ་ལམ་དུ། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་བྲིས་སྐུ་ཞིག་གི་འོག་ན་ཕར་ལ། བདེ་མཆོག་གི་ཚེས་བཅུའི་མཆོད་པ་བྱེད་པའི་བཀོད་པ་ཞིག་བྲིས། དེའི་འོག་ན་ཤིང་ཟན་གཏོང་བ་ཡིན་ཟེར་བའི་ཡི་གེ་ཞིག་བྲིས་འདུག་པ་རྨིས་སོ། །ཡང་གསུང་དེ་ལས། གྲངས་བཞི་པ་ལ་ནས་ལྟས་གོ་ཞེས་པའི་བར་རྐང་པ་ཕྱེད་དང་ལྔའི་དོན་ནི། ཚེས་བཞི་པའི་མཚན་མོའི་མནལ་ལམ་དུ། རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་ཁྲི་ཞིག་གི་སྟེང་ན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ཡིན་ཟེར་བའི་བླ་མའི་རྣམ་པ་ཅན་གཅིག་བཞུགས་འདུག་པ་དེས། །དཔལ་གསང་བ་འདུས་པ་རྩ་རྒྱུད་ཀྱི་གླེགས་བམ་ཞིག་གནང་ནས་འདིའི་བདག་པོ་གྱིས་ཤིག་ཅེས་གསུངས་པ་ལ། མཇུག་ནས་ཅུང་ཟད་མ་ཚང་ངམ་སྙམ་ནས་གཟིགས་པས་ཐམས་ཅད་ཚང་འདུག དེ་ནས་ཕྱག་གཉིས་ཀྱིས་གླེགས་བམ་དེ་བཟུང་། ཧཱུཾ་བཛྲ་ཨུད་ཏིཥྠ། ཞེས་པའི་སྔགས་དང་ཕྱག་རྒྱས་ལན་གསུམ་དབུའི་སྟེང་དུ་བཏེག་པ་རྨིས།

        ནུབ་སྔ་མའི་མནལ་ལམ་དུ་བུམ་པ་བདུད་རྩིས་བཀང་བ་སྟེར་རྩིས་མཛད་པ་ནི་འདུས་པའི་རྒྱུད་ཀྱི་གླེགས་བམ་གཏད་ནས་བདག་པོར་བྱིན་གྱིས་བརླབས་པའི་ལྟས་སུ་གོ །ཞེས་པའོ། ། ལྔ་པ་ལ། ལྷོ་ཡི་ཐུགས་བཅུད་དམ་པ་ལ། །འཕྲིག་ཆུད། ཅེས་པ་ནི་ཚེས་ལྔ་ལ་ལྷོ་བྲག་མར་པ་རང་གིས་བསྒོམས་ཤིང་སློབ་མ་རྣམས་ལ་གསུངས་པའི་བསྲེ་འཕོའི་གདམས་ངག་གི་སྐོར་ལ་གོ་བ་རྙེད་པའི་དོན་ནོ། །དྲུག་པ་ལ། ངེས་རྙེད་ཅེས་པ་ནི། ཆོས་དྲུག་པ་ལ་སྐུ་གསུམ་གྱི་བསྲེ་བ་སྐོར་དགུ་ནི་འདུས་པའི་རྩ་རྒྱུད་དང་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ལ་གནས་པའི་རྨད་དུ་བྱུང་བའི་མན་ངག་ཡིན་པར་ངེས་པ་རྙེད་པའི་དོན་ནོ། །

        དེ་ནས་བདུན་པ་ལ། རྟོག་བསྲེས་ལས་ནི་ཤིན་ཏུ་ངེས། །ཞེས་པ་ནི་ཚེས་བདུན་གྱི་ཉིན་སློབ་དཔོན་འཕགས་པ་ལྷས་མཛད་པའི་སྤྱོད་བསྡུས་ལ་གཟིགས་པས་གཉིད་དང་རྨི་ལམ་དང་བསྲེ་བའི་སྐོར་གྱི་མན་ངག་གི་གཞི་ཐམས་ཅད་བཏིངས་ཡོད་པ་གཟིགས་པས་ཤིན་ཏུ་ངེས་པ་རྙེད་པའི་དོན་ནོ། །སྤྱོད་བསྡུས་ལ་རྟོག་བསྲེས་ཞེས་བརྡས་གསུངས་པའོ། །ཤིང་ཟན་ཞེས་པའང་དེ་ནས་གོ །ཞེས་པ་ནི་ཚེས་གསུམ་གྱི་མནལ་ལམ་དུ་ཤར་བ་དེ་ཡིན་ལ། དེ་ཡང་སྔོན་བོད་དུ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་རྣམས་དར་བ་ཡིན་ཀྱང་དུས་ཕྱིས་ཤིན་ཏུ་ཉམས་ནས་ཤི་བའི་རོ་ལྟར་གྱུར་པ་ལ། རྗེ་རིན་པོ་ཆེ་འདིས་ལེགས་པར་གསལ་བར་མཛད་པ་ནི་མི་ཤི་བའི་རྗེས་སུ་ཤད་ཟིན་གཏོང་བ་ལྟར་གྱུར་ཞེས་པ་ཡིན་ཞིང་། མདོར་ན་བདེ་མཆོག་གི་ཆོས་སྐོར་ཆེས་ཆེར་ཉམས་པ་དར་བར་མཛད་པ་ཤིན་ཏུ་ལེགས་ཞེས་པའི་བརྡ་ཡིན་པར་གོ་བའི་དོན་ནོ།།

        དགུང་ལོ་ང་བཞི་པའི་ལྕགས་སྟག་ལོའི་མགོར་འོལ་ཁའི་གནས་དེ་ཉིད་དུ་བཞུགས་པ་ལས། ཧོར་ཟླ་གཉིས་པའི་ཚེས་ལྔའི་ཉིན་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་གྲགས་པའི་དགོན་གསར་དུ་ཕྱག་ཕེབས། སློབ་མ་མང་པོ་ལ་བྱང་ཆུབ་ལམ་རིམ་དང་། གསང་འདུས་སྒྲོན་གསལ་རིམ་ལྔ་དང་བཅས་པ་གསུངས་ཤིང་། མངོན་པ་ཀུན་བཏུས་དང་ས་སྡེ་ལ་སོགས་པའི་འགངས་ཀྱི་རྣམ་གཞག་དང་། ཚད་མའི་དཀའ་གནས་རྣམས་ཀྱང་མང་དུ་གསུངས། དེ་ལྟར་ཞྭ་སེར་བསྟན་པའི་གཞུང་ཤིང་དུ་གྱུར་བའི་དགོན་སྡེ་ཆེན་པོ་བཏབ་ནས། འདུས་ཚོགས་སྤྱིས་ཞྭ་སེར་ཟླ་གམ་རིང་འགག་རྒྱན་དྲུག་མ་བླ་གོས་སོགས་ན་བཟའ་བཞེས་ལུགས། ཚོགས་འཚོགས་པ་དང་། ཆོས་འདོན་པ། གསོལ་ཇ་བཞེས་པ་སོགས་གང་ཅིའི་ལུགས་སྲོལ་དང་། སྡེ་སྣོད་གསུམ་གྱི་འཆད་ཉན། བསླབ་པ་གསུམ་གྱི་ཉམས་ལེན་དང་བཅས་ཆོས་ལུགས་དྲི་མ་མེད་པ་ནམ་ཡང་མི་ཉམས་པར་དར་ཞིང་རྒྱས་པའི་ལུགས་སྲོལ་བཟང་པོ་ཚུགས་པས། རྗེ་ཙོང་ཁ་པའི་རིང་ལུགས་རྣམ་པར་དག་པ་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་ཅིང་། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་གྱུར་ཏོ། །དེ་དུས་དགའ་ལྡན་གྱི་འདུས་ཚོགས་ནི་རྒྱུན་པར་སུམ་སྟོང་ཡན་ཆད་ཡོད་ཅིང་། ལམ་རིམ་ཚུལ་བཞིན་དུ་སྒྲུབ་མཁན་སྟོང་ཕྲག་ལྷག་ཡོད་ཟེར་རོ། །དཔལ་གསང་བ་འདུས་པའི་བཤད་རྒྱུད་ལྷ་མོ་བཞིས་ཞུས་དང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་གཉིས་ཀྱི་རྣམ་བཤད་རྒྱས་པའི་རྩོམ་པ་ཡང་མཛད། 

                                                         རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།