རྗེའི་རྣམ་ཐར་ཆེན་མོ་ལས་རིམ་ལྔ་གསལ་སྒྲོན་མཛད་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-14 08:53:37     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ཡང་སྔར་ཆོས་ལུང་དུ་བཞུགས་པའི་སྐབས་ཤིག་ཐུགས་དམ་ལ་བཞུགས་དུས་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། ཁྱད་པར་སངས་རྒྱས་སོ་ལྔ་མངོན་སུམ་དུ་བྱོན་ནས་བྱིན་གྱིས་བརླབས་པས། འདིར་མཁས་གྲུབ་རྗེས་རྗེ་བླ་མ་ལ་ཞུས་པ། མདང་ནི་ཕ་བླ་མའི་ལུང་བསྟན་བྱེད་པ་རྨིས་པས། རྒྱུད་སྡེ་བཞིའི་དོན་བསྡུས་པ་རྡོ་རྗེ་འཆང་གི་ལམ་གྱི་རིམ་པ་རྣམས་བཤད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྗེས་ཀྱང་དེ་ལེགས་གསུངས། ཆོས་ཟབ་མོ་རྣམས་གནང་། དེའི་ཉིན་གཅིག་ཉི་མའི་འོད་ཟེར་རྒྱས་པ་དང་། རྗེའི་ཞལ་ནས་འོད་ཅིག་བྱུང་ནས་ནམ་མཁའ་ཁྱབ་པ་ཀུན་གྱིས་མཐོང་ངོ་། །དེ་ཡང་ལ་ལས་འཇའ་འོད་དུ་མཐོང་། རྒྱལ་ཚབ་ཀྱིས་རྗེ་རིན་པོ་ཆེའི་ཚེམས་གཅིག་བུད་པ་གཟིགས། འདུལ་བ་འཛིན་པ་དང་མཁས་གྲུབ་གཉིས་ཀྱིས་ཀྱང་ཚེམས་གཅིག་བུད་པ་གཟིགས་ཏེ། རྗེའི་ཞལ་ནས། ལྷུན་པོའི་དྲུང་ན་གསེར་རི་ལྟ་བུར་གནས། །འགྲན་ཟླ་མེད་པའི་དགེ་ལེགས་ཁྱོད་ལ་སྦྱིན། །གསུངས་ནས་མཁས་གྲུབ་ལ་གནང་ངོ་། །

        རྒྱལ་ཚབ་དང་འདུལ་འཛིན་སོགས་ཀྱིས་ངེད་རྣམས་ལ་མ་གནང་བ་ཅི་ཡིན་ཞུས་པས། ཁྱེད་རྣམས་ལ་མི་གནང་བ་མིན། མཁས་གྲུབ་པ་འདི་ལས་དང་སྐལ་བར་ལྡན་པ་ཡོད། རྗེ་བཙུན་གྱིས་ལུང་བསྟན་ཡང་ཡོད། རྒྱུད་འདི་རྣམས་འཆད་པའི་དོན་ཡང་དེ་ཡིན། ཁྱེད་རྣམས་ཞག་བདུན་གྱི་བར་གསོལ་བ་ཐོབ་དང་། གནང་བས་ཆོག་གསུང་ངོ་། ། མཁས་གྲུབ་པས་ཀྱང་ཚེམས་ཁོང་རང་གི་གཟིམས་ཁང་དུ་ཁྱེར་ནས་གསོལ་བ་བཏབ་པས་གཟིམས་ཁང་འོད་ཀྱིས་གང་ངོ་། །

        ཞག་བདུན་སོང་བ་ན། རྗེས་ཚེམས་ཁྱེར་ཤོག་གསུངས་ནས་མཆོད་པ་ལེགས་པར་བཤམས་པ་དང་། ཞལ་ཕྱེ་བས། ཚེམས་རང་ལ་འཇམ་དབྱངས་ཀྱི་སྐུ་ཞིག་བྱོན། དེའི་དབུ་དང་ཕྱག་ཚེམས་རྣམས་ལ་རིང་བསྲེལ་ཕྲ་བཏབ་པ་བཞིན་བྱོན། འཇམ་དབྱངས་དེའི་སྤྱི་གཙུག་གི་དུང་མདོག་དཔའ་བོ་རྡོ་རྗེ་ལ་གནང་། དཔྲལ་བའི་ཤེལ་མདོག་རྒྱལ་ཚབ་ལ་གནང་། །མགྲིན་པའི་གསེར་མདོག་བུ་ཎྱེ་ཤྲཱི་ལ་གནང་། ཐུགས་ཀའི་བཻ་ཌཱུརྱ་ལྟ་བུ་འདུལ་བ་འཛིན་པ་ལ་གནང་། རྗེ་བཙུན་གྱི་སྐུ་དང་ཡན་ལག་ལ་རིང་བསྲེལ་སྟོང་རྩ་གཉིས་བྱོན་པ་དེ། དེར་བཞུགས་པ་ཀུན་ལ་ཁྱབ་པར་གནང་། དེ་ནས་བཟུང་སྟེ་ཕལ་ཆེར་བྱོན་པ་རིང་བསྲེལ་གྱིས་ཁྱབ་པར་བཞུགས་པ་རྣམས་ལས་ཅན་རྣམས་ཀྱི་མཆོད་པའི་རྟེན་ནོ། །ཞེས་གསུངས་ནས་ཚེམས་ཉིད་འཇམ་པའི་དབྱངས་ཀྱི་སྐུར་གྱུར་པ་མཁས་གྲུབ་རྗེ་ཉིད་ལ་གནང་ངོ་། །དེ་ལྟར་ཚེམས་གནང་བའི་རྣམ་ཐར་འདི་ནི་རྣམ་ཐར་ཆེན་མོ་དག་ཏུ་མི་གསལ་ཞིང་ཡིག་ཆུང་ཅིག་ལས་བཤད་པ་ཡིན་ཀྱང་ལོ་གང་ལ་གནང་བ་མི་གསལ་བས། མཚམས་འདིར་བྲིས་པ་ཡིན་མིན་དཔྱད་པར་བྱའོ། །

        དེ་ནས་དགུན་དེར་བསམ་གཏན་གླིང་ཉིད་དུ་མཚམས་བཅད་དེ་བཞུགས། བླ་མ་ཡི་དམ་དབྱེར་མེད་པ་ལ་གསོལ་བ་ཤུགས་དྲག་ཏུ་བཏབ། དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔའི་ངོ་སྤྲོད་ཀྱི་རྣམ་བཤད་ཆེན་མོ་རིམ་ལྔ་གསལ་སྒྲོན་ཞེས་པའི་ཕུལ་བྱུང་བསྟན་བཅོས་དེ་རྩོམ་པའི་ཐུགས་འདུན་བཏང་། དེའི་ཚེ་གཞུང་མང་པོ་ལ་ཞིབ་ཏུ་དཔྱད་ནས་ཟིན་བྲིས་མཛད་པའི་སྐབས་སུ་ངོ་མཚར་བའི་མནལ་ལམ་གྱི་ལྟས་བྱུང་བ་བརྗེད་ན་མི་ལེགས་པར་དགོངས་ཏེ་བརྡ་ཚིག་གིས་བཅིངས་པའི་ཚིགས་བཅད་བྲིས་ནས་མང་པོའི་མིག་ཏུ་མི་སྣང་བའི་གནས་ཇི་ལྟ་བར་བཞག་ནས་ཡོད་པ་ལས། ཕྱིས་མཁས་གྲུབ་རྗེས་གསན་པར་འདོད་ནས་ཞུས་པར་གནང་ངོ་། །

        གསུང་དེ་ནི་འདི་ཡིན་ཏེ། རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །བྱ་གྷྲའི་གོང་གི་ཙནྡྲ་ནི། །མིག་དང་ཟླ་བའི་གྲངས་གསུམ་ལ། །བགྲོ་བ་མཛད་པའི་ཆུ་འདྲེས་ཆུས། །ཀ་ལ་ཤ་བཀང་སྟེར་རྩིས་བྱེད། །ཕུལ་བྱུང་ནས་ནི་སུམ་བརྒྱ་བཅུ། །སོང་ཟེར་ཡབ་གཅིག་དཀྱིལ་འཁོར་གཙོ། །བགྲོ་བ་མཛད་པ་གཉིས་ཀྱང་སྣང་། །གྲངས་བཞི་པ་ལ་རྣམ་པ་ཅན། །ཁྲི་ཡི་སྟེང་ནས་རྩ་བ་ནི། །གཏད་ནས་འདི་བདག་གིས་ཞེས་ཚོ། །སྔགས་རྒྱས་ལན་གསུམ་བཏེག་སྔོན་གྱི། །དེ་འདྲའི་ལྟས་གོ་ལྔ་པ་ལ། །ལྷོ་ཡི་ཐུགས་བཅུད་དམ་པ་ལ། །འཕྲིག་ཚུད་དེ་ནས་དྲུག་པ་ལ། ངེས་རྙེད་དེ་ནས་བདུན་པ་ལ། །རྟོག་བསྲེས་ལས་ནི་ཤིན་ཏུ་ངེས། །ཤིང་ཟན་ཞེས་པའང་དེ་ནས་བོ། །དེ་འདྲའི་ངོ་མཚར་རྨད་དུ་བྱུང་། །བརྗེད་ཀྱིས་དོགས་ནས་ཡི་གེར་བཀོད། །དེ་དོན་སྒྲུབ་པ་མཐར་ཕྱིན་ཤོག །གླང་གི་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བདུན་ལ་འོལ་ཁའི་བསམ་གཏན་གླིང་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག ཅེས་པའོ། །

        ད་ནི་གསུང་དེ་དག་གི་དོན་ཅུང་ཟད་དགྲོལ་བར་བྱ་སྟེ། །དེ་ཡང་བྱཱ་གྷཱ་ནི་སྟག་གི་སྐད་དོད་ཡིན་ལ། དེའི་གོང་ཞེས་པ་གླང་གི་ལོ་གོ་བར་བྱེད་པའོ། །ཙནྡྲ་ནི་བླ་མའི་མིང་ཡིན་ལ། །མིག་ནི་གཉིས་དང་ཟླ་བ་ནི་གཅིག་ཡིན་ཏེ། རྩིས་ཀྱི་རི་མོ་བྱ་ཚུལ་ལྟར་གཉིས་ཀྱི་གྲངས་འབྲི། དེའི་གོང་དུ་གཅིག་གི་གྲངས་བྲིས་པས་བཅུ་གཉིས་སུ་འགྱུར་བས་ཟླ་བ་བཅུ་གཉིས་པ་ཞེས་པའི་དོན་ནོ། །གྲངས་གསུམ་ནི་ཚེས་གསུམ་གྱི་མཚན་མོའི། །བསྡོམས་ན་རྗེའི་དགུང་ལོ་ང་གསུམ་པའི་གླང་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་པ་གསུམ་གྱི་མཚན་མོའི་མནལ་ལམ་དུ་ཞེས་པའོ། །

        བགྲོ་བ་མཛད་པའི་ཆུ་ཞེས་པ་ནས་བགྲོ་བ་མཛད་པ་གཉིས་ཀྱང་སྣང་ཞེས་པའི་བར་གོང་འོག་བསྒྱུར་ཏེ་འགྲེལ་དགོས་པས་འདི་ལྟར། མནལ་ལམ་དེར་གཟིགས་པ་ནི། རྒྱལ་ཀུན་ཡབ་གཅིག་གསང་འདུས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་གཟིགས་ཤིང་། དཀྱིལ་འཁོར་གྱི་གཙོ་བོ་འཇམ་པའི་དབྱངས་ཀྱིས་རྒྱན་བཟང་པོ་སྣ་ཚོགས་པས་སྤྲས་པའི་རིན་པོ་ཆེའི་བུམ་པ་ཆུས་བཀང་བ་སྟེར་རྩིས་ཀྱིས་ཕྱག་བརྐྱངས་པར་མཛད་པ་རྨིས། ཀ་ལ་ཤ་ནི་བུམ་པའི་སྐད་དོད་ཡིན། ལྷ་དེས་བུམ་ཆུ་སྦྱིན་པའི་ཚེ་བཀའ་བསྩལ་པ། བུམ་པའི་ཆུ་འདི་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་དགུང་ལོ་རེ་དྲུག་བཞེས་པའི་མེ་ཕག་ལོར་སྙེ་ཐང་གི་སྐྱི་ཆུའི་འགྲམ་ན་བཞུགས་དུས། རྗེ་བཙུན་འཇམ་དབྱངས་དང་རྗེ་བཙུན་བྱམས་པ་གཉིས་ཀྱིས་སངས་རྒྱས་ཀྱི་སྐུ་གསུམ་ཡིན་ནམ་གཅིག་ཡིན་ཞེས་དཔྱད་ནས་བགྲོ་བར་མཛད་པའི་ཆུ་འདྲེས་པའི་ཆུ་ཡིན།

        ཇོ་བོ་ཨ་ཏི་ཤ་ལ་ཟབ་མོའི་རྟོགས་པ་འཁྲུངས་པར་བྱིན་གྱིས་བརླབས་པའི་ཕག་ལོ་དེ་ནས། རྗེ་འཁྲུངས་པའི་སྔ་རོལ་གྱི་མེ་སྤྲེལ་ལོའི་བར་ལ་ལོ་སུམ་བརྒྱ་དང་བཅུ་སོང་། དེའི་བར་དུ་སྟེར་དུ་རུང་བའི་སྐལ་ལྡན་གྱི་གདུལ་བྱ་མ་རྙེད། དེ་དུས་རྗེ་འདི་ཡུམ་གྱི་ལྷུམས་སུ་ཞུགས་ནས་སྟེར་དུ་རུང་བའི་མི་ཞིག་རྙེད་པ་ཡིན་ཀྱང་དུས་ལ་མ་བབས་པས་མ་བྱིན་པ་ཡིན་ལ། ད་དུས་ལ་བབས་པས་ཁྱོད་ལ་སྟེར་བ་ཡིན་ཞེས་གསུངས་ནས་གནང་བ་ཐུགས་རྨིས་ལ་བྱུང་ངོ་། །ཕུལ་བྱུང་ཞེས་པ་ནི་ཨ་ཏི་ཤ་ཞེས་པའི་ཚིག་བསྒྱུར་བའོ། །

        བགྲོ་བ་མཛད་པ་པོ་གཉིས་ནི་བྱམས་འཇམ་དབྱངས་ཏེ་དཀྱིལ་འཁོར་གྱི་གཡས་གཡོན་གཉིས་སུ་བཞུགས་པ་རྨིས་པའོ། །སྤྱིར་གསང་བ་འདུས་པའི་རྩ་རྒྱུད་ནས་གསུངས་པའི་སྒྱུ་ལུས་དང་ཟུང་འཇུག་གི་དོན་དཔྱིས་ཕྱིན་པར་མ་ངེས་ན། སངས་རྒྱས་ཀྱི་སྐུ་གསུམ་གྱི་གནས་ཚུལ་དང་། སྐུ་གསུང་ཐུགས་གསུམ་གྱི་གནས་ཚུལ་རྣམས་ཇི་ལྟ་བ་བཞིན་དུ་ངེས་མ་ནུས་པ་ཡིན་ལ། སྒྱུ་ལུས་སོགས་གསང་བ་འདུས་པའི་རྫོགས་རིམ་གྱི་ཟབ་གནད་ཕྲ་བ་རྣམས་སྔོན་ཇོ་བོ་ཨ་ཏི་ཤས་དགུང་ལོ་རེ་དྲུག་པའི་དུས་སུ་ངེས་པའི་སྐལ་བ་སྨིན་པའི་དུས་སུ་འཇམ་པའི་དབྱངས་དང་བྱམས་པ་གཉིས་ཀྱིས་བྱིན་གྱིས་བརླབས་པས་དྲི་མ་མེད་པའི་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་རྙེད་པ་ཡིན་ལ། ད་ལྟ་ཡང་རྗེ་རིན་པོ་ཆེས་དེ་འདྲའི་རྟོགས་པ་ཐོབ་པའི་དུས་ལ་བབས་པས་བྱིན་གྱིས་བརླབས་པའི་རྟགས་སོ། །རྒྱུ་མཚན་འདི་ལྟ་བུས་གསང་འདུས་ལ་བསྔགས་པ་ཆེ་བ་དང་། རྩ་རྒྱུད་འདི་མེད་ན་བསྟན་པ་མེད་པར་བརྩི་བ་སོགས་གསུངས་པ་ཡིན་ནོ། ། 

                                                        རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།