རྗེའི་རྣམ་ཐར་ཆེན་མོ་ལས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་པའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-12 12:20:15     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་མདོ་སྔགས་ནས་གསུངས་པ་བཞིན་ས་འདུལ་རྒྱས་པར་མཛད། སྲས་ཀྱི་ཐུ་བོ་འདུལ་འཛིན་གྲགས་པ་རྒྱལ་མཚན་དང་། རྒྱལ་ཚབ་དར་མ་རིན་ཆེན་གཉིས་ལ། གཙང་ཁང་། འདུ་ཁང་། གཟིམས་ཁང་རྣམས་ཀྱིས་ཡུལ་དང་། དགེ་འདུན་རྣམས་ཀྱི་སྤྱིལ་བོ་སོགས་ཀྱི་བཀོད་པ་གནང་བར་མཛད་དོ། །དེ་ནས་དཔྱིད་ཀྱི་སྟོད་ལ་རྗེ་རིན་པོ་ཆེ་སེ་ར་ཆོས་སྡིངས་སུ་ཕེབས། སྡེ་སྣོད་འཛིན་པ་དྲུག་བརྒྱ་ཙམ་ལ་རྩ་ཤེ་དང་། ཚུལ་ཁྲིམས་ལེའུ་དང་། སྒྲུབ་ཐབས་ཀུན་བཟང་། ལམ་རིམ་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསུངས།

        དེ་ནས་སྤྱན་སྔ་རིན་པོ་ཆེ་བསོད་ནམས་བཟང་པོས་གསོལ་བ་ནན་ཆེར་བཏབ་པ་ལ་བརྟེན་ནས། དཔྱིད་རྟིང་མ་རྗེའི་ཞལ་སྔ་ནས་དཔོན་སློབ་ཉིས་བརྒྱ་ཙམ་གྱིས་ཟངས་རིའི་ཕུ་མཆིན་དུ་བྱོན། སྤྱན་སྔ་རིན་པོ་ཆེ་བསོད་བཟང་བ་དང་། མཁན་ཆེན་རྒྱལ་བཟང་བས་གཙོ་མཛད་ཐེལ་བའི་རི་དགེ་མང་བོ་དང་། གཞན་ཡང་སྡེ་སྣོད་འཛིན་པ་མང་དུ་འདུས་པ་རྣམས་ལ་ལམ་རིམ་ལ་སོགས་པའི་ཆོས་མང་དུ་གསུངས། སློབ་དཔོན་དཀའ་བཅུ་པ་དང་། སློབ་དཔོན་འདུལ་འཛིན་པ་རྣམ་གཉིས་ཀྱིས་ཐོག་མ་མཛད་པའི་དགེ་འདུན་ཕལ་ཆེ་བས་འབྲོག་རི་བོ་ཆེར་བྱོན་ཏེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ།

        ཕྱོགས་ཀྱི་ཡོན་བདག་དང་། ཉེ་སྐོར་གྱི་བན་སྐྱའི་སྡེ་པ་ཐམས་ཅད་ཀྱིས་དད་བསླངས་སོགས་ཚད་མེད་པ་དགའ་སྤྲོ་དང་བཅས་པས་བསྒྲུབ་པས་དེ་ཀའི་ལོ་ལ་གཟིམས་ཁང་གིས་ཐོག་དྲངས་བྲང་ཁང་རྫོགས་པར་གྲུབ་པ་བདུན་ཅུ་ལྷག་ཙམ་དང་། གཞི་བཏིང་བ་བརྒྱ་ཕྲག་ལ་བརྒལ་བ་བྱུང་། བྲང་ཁང་སོ་སོ་ཕལ་ཆེ་བ་ལ་ཡབ་འདུལ་བ་ནས་ཇི་ལྟར་གསུངས་པ་བཞིན་དུ། དང་པོར་གཞི་བརྟག་པ་དང་། བརྟགས་ནས་དགེ་འདུན་ལ་གསོལ་བ་དང་། དེ་ནས་དགེ་འདུན་གྱིས་གནང་པ་སྦྱིན་པ་དང་། ལག་གི་བླ་བསྐོ་བ་དང་། རྡོ་བཏེག་པའི་མཐའ་ལས་བྱུང་བའི་དུད་ཁང་གཅོད་པ་དང་། ཁང་པའི་ཚད་ལས་མ་ལྷག་པར་རྩིག་པ་སོགས་ཀྱི་ཕྱག་ལེན་དག་ཏེར་ཅན་མཛད་པས། མཁར་ལས་ཀྱི་ཕྱག་ལེན་ཙམ་གྱིས་ཀྱང་བསྟན་པ་རིན་པོ་ཆེ་གསལ་བར་མཛད་དོ། །

        དུས་དེར་བྲག་ཆེན་ཅིག་བཤིག་པའི་ནང་ནས་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་སྟོང་ཉིད་རྟོགས་བའི་རྣལ་འབྱོར་པ་ཞིག་བྱུང་། དེས་ལས་མཁན་རྣམས་རྡོ་བཅག་པ་སོགས་ཀྱི་སྒྲས་ཏིང་ངེ་འཛིན་ལས་སང་ནས་སངས་རྒྱས་འོད་སྲུང་གང་ན་བཞུགས་ཅེས་པར། མྱ་ངན་ལས་འདས་སོ་ཞེས་སྨྲས། དེའི་ཡོན་བདག་རྒྱལ་པོ་ཀྲྀ་ཀྲྀ་གང་ན་ཡོད་ཅེས་པར། དེ་ཡང་མི་འདུག་སྟེ། དུས་དེ་ནས་ད་ལྟའི་བར་ལོ་སྟོང་ཕྲག་མང་པོ་སོང་ཞིང་། དེང་སང་ཤཱཀྱ་ཐུབ་པའི་བསྟན་པ་བཞུགས་པའི་སྐབས་ཡིན། ཞེས་སྨྲས་མ་ཐག་རྣལ་འབྱོར་པ་དེ་ནམ་མཁར་འཕགས་ནས་སྐུ་ལས་མེ་འབར་ཏེ་ཕུང་པོ་བསྲེགས་ནས་འདས་ཟེར་རོ། །

        རྗེ་ཉིད་ཀྱིས་དེའི་དབྱར་གནས་འོལ་ཁ་པས་གདན་དྲངས་ནས་འོལ་ཁ་བསམ་གཏན་གླིང་དུ་མཛད། འོལ་ཁ་དང་དྭགས་པོ་སོགས་ཀྱི་རབ་བྱུང་མང་པོ་དང་བཅས་པ་ལ་ཆོས་མང་དུ་གསུངས། གཉལ་གྱི་རབ་སྐྲོང་དགེ་བཤེས་འདས་པས། ཁོང་རང་གི་ཁ་ཆེམས་བཞག་པའི་ལུགས་ལྟར། འབྲེལ་བ་ཤུལ་ན་མཆིས་པ་དག་གིས་ཀྱང་གཡོ་ཟོལ་མེད་པར་རྗེ་བླ་མ་ཉིད་ལ་མགུར་མོའི་གསེར་ཕྱེ་མ་ཞོ་སྟོང་ཕྲག་གཅིག་གིས་ཐོག་དྲངས་དངུལ་ལ་སོགས་པའི་འབུལ་བ་དཔག་ཏུ་མེད་པ་བྱས། སྟོན་ཀའང་ཕྱོགས་དེར་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད། 

                                                         རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།