རྗེའི་རྣམ་ཐར་ཆེན་མོ་ལས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་པའི་སྐབས་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-12 12:15:25     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

                    ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ཡང་ཞབས་ཕྱིར་འབྲངས་པའི་སློབ་འཁོར་རྣམས་ས་ཆ་མང་པོ་ལ་འབྱོན་བཞུད་རྒྱུན་དུ་མཛད་པའི་ཐུགས་ཅུང་ཟད་སུན་ནས། སྐབས་འདིའི་སྔོན་ནས་དབེན་དགོན་ཅིག་འདེབས་པའི་ཞུ་བ་བྱེད་ཀྱིན་ཡོད་པའི་སྟེང་དུ། སྨོན་ལམ་ཆེན་མོ་མཛད་པའི་ཚེ་སྡེ་བ་དང་ཡོན་བདག་བུ་སློབ་སོ་སོ་ནས་དགོན་རྙིང་འབུལ་བ་དང་། ས་ཡུལ་འབུལ་བ་དང་། གསར་བ་གདབ་ན་བདག་རྐྱེན་བྱེད་ཟེར་བ་མང་དུ་བྱུང་པས་གང་བཟང་བརྟག་པའི་ཕྱིར་ལྷོ་བྲག་གྲུབ་ཆེན་ལ་ལུང་བསྟན་ཞུས་པར། དབང་བསྐུར་རི་ཡི་ལྡེབས་དག་ཏུ། །བཙུན་མོར་རི་ཡི་ངོས་ཕྱོགས་སུ། །དགེ་འདུན་དཔག་མེད་འདུ་བར་འགྱུར། །རི་ནི་གང་ཡིན་འཇམ་དབྱངས་འཆད། །དབུས་གཙང་མདོ་ཁམས་རྒྱ་ཡུལ་གྱི། །མཆོད་གནས་དམ་པ་ཚོགས་གསོག་རྟེན། །མངའ་རིས་མདོ་སྨད་ཀུན་ཀྱི་སྐྱབས། །ཕྱོགས་བཅུར་སྡེ་དགོན་རྒྱས་པར་འགྱུར། །ཞེས་གསུངས།

        དབང་བསྐུར་རི་ཞེས་པ་ནི་དགའ་ལྡན་བཏབ་པའི་རི་ནི་དབུ་རྒྱན་གྱི་དབྱིབས་ཅན་དང་། སྔོན་རྒྱལ་པོ་སྲོང་བཙན་སྒམ་པོ་ཁྲིར་བཞུགས་པའི་གནས་ཡིན་པས་དེ་ལྟར་གསུངས། རྗེ་རང་ཉིད་ཀྱིས་ཀྱང་ཇོ་བོ་རིན་པོ་ཆེའི་མདུན་དུ་མཆོད་པ་ཕུལ་ནས་གསོལ་བ་བཏབ་སྟེ་མར་མེ་བརྟག་པ་དང་། གནས་ཀྱི་མིང་བྲིས་ནས་ཟན་རིལ་དུ་བཅུག་སྟེ་བསྐོར་ཞིང་བརྟག་པ་དང་། མནལ་ལམ་སོགས་བརྟགས་པས་ཐམས་ཅད་ཀྱི་ནང་ནས་འབྲོག་རི་བཟང་བར་བྱུང་། འཇམ་པའི་དབྱངས་ཀྱིས་ཀྱང་འབྲོག་རི་བཟང་བར་གསུངས། འདིར་ཕྱག་རྡོར་གྱི་ལུང་བསྟན་ལ། དབང་བསྐུར་རི་ཞེས་པ་ནི་རྗེའི་འཕྲིན་ལས་གེགས་མེད་རང་དབང་དུ་འགྲུབ་པའི་དགོས་པ་ཡོད་ཅིང་། འཇམ་དབྱངས་ཀྱིས་གསལ་བར་མཛད་པ་ནི་རྗེའི་བསྟན་པ་ལ་མཇལ་ནས་དད་པ་ཐོབ་པ་རྣམས་འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་ཏེ་ལུང་རྟོགས་ཀྱི་ཡོན་ཏན་ཆེན་པོ་འཐོབ་པའི་དགོས་པ་ཡོད་དོ། །

        ཡང་འཇམ་དཔལ་དང་ཕྱག་རྡོར་གཉིས་ཀས་རྗེ་ཉིད་སྐུ་ཚེ་ཕྱི་མ་དགའ་ལྡན་དུ་འཁྲུངས་ཤིང་། རྗེས་འཇུག་རྣམས་ལའང་ཕན་ཐོགས་ཆེན་པོ་ཡོད་པས། དགོན་པའི་མིང་ལ་དགའ་ལྡན་དུ་ཐོགས་ཞེས་གསུངས། དེ་ནས་སྨོན་ལམ་གྱི་ཚོགས་གྲོལ་མ་ཐག་རྗེ་ཉིད་སློབ་མ་ཉུང་ཤས་བཅས་འབྲོག་རི་བོ་ཆེར་བབས་ནས་བརྟགས་པས་ས་དཔྱད། ནམ་དཔྱད་ཐམས་ཅད་བཤད་སྒྲུབ་ལོངས་སྤྱོད་རྒྱས་པའི་ལྟས་ལེགས་པོ་འདུག་གསུང་། བྲག་ཐམས་ཅད་ལ་ཡང་སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་གྱི་རང་བྱོན་མཐའ་ཡས་པ་འདུག དེར་སློབ་མ་ཅིག་གིས། འདི་ན་ཆུ་ཅུང་ཟད་དཀོན་ཞུས་པར། རྗེས་ལོགས་ཀྱི་བྲག་ཞིག་ལ་ཕྱག་མཛུབ་ཀྱིས་བསྟན་ཏེ་འདི་ནས་ཆུ་འབྱུང་བ་འདི་ཞེས་གསུངས་མ་ཐག བྲག་དེ་གས་པའི་གསེབ་ནས་ཆུ་རྒྱུན་བཟང་པོ་གློ་བུར་དུ་བབ། ཆུ་འདི་ལ་བདུད་རྩི་ཆུ་མིག་ཅེས་མཚན་དུ་ཆགས་ཤིང་། ད་ལྟའི་བར་འདུས་ཚོགས་རྣམས་འདི་ནས་བཞེས་ཀྱིན་ཡོད་དོ། །

        སྔོན་མཚོ་མ་དྲོས་པའི་ཀླུ་རྒྱལ་གྱིས་སྟོན་པ་ལ་དུང་དཀར་ཞིག་ཕུལ་བ་མོའུ་གལ་གྱི་བུ་ལ་གནང་ནས། འདི་ཁྱོད་ཀྱིས་འགོག་པ་རིར་སྦོས་ཤིག མ་འོངས་པ་ན་དགེ་སློང་པདྨའི་ངང་ལྡན་འདིས་གཏེར་ནས་འདོན་པར་འགྱུར་ཞེས་ལུང་བསྟན་པའི་དུང་དང་། དེ་དང་ཉེ་བའི་བྲག་ཞིག་ལ་ཆོས་རྒྱལ་གྱི་ཞལ་འབག་བཞུགས་པ་གཉིས་ཀ་མང་པོ་ལ་མི་སྟོན་པར་གཏེར་ནས་བཞེས། རྟེན་འདི་གཉིས་བླངས་པའི་དགོས་པ་ནི་མདོ་སྔགས་ཀྱི་ཆོས་དར་བ་སོགས་དགོས་པ་ཆེ་ཞིང་། བླངས་པའི་ཤུལ་ནི་ད་ལྟའི་བར་གསལ་བར་ཡོད་དོ། །

                                                                                                                       རྩོམ་སྒྲིག་པ། མང་ར་བ།
           གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn



 

བརྒྱུད་འགོད།