རྗེའི་རྣམ་ཐར་ཆེན་མོ་ལས་ཞར་བྱུང་ཇོ་བོ་རྣམ་གཉིས་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པའི་སྐབས་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-12 12:05:48     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ར་མོ་ཆེའི་གཙུག་ལག་ཁང་གི་རྟེན་ནི། བརྒྱ་བྱིན་གྱིས་བཞེངས་པའི་ཇོ་བོ་ཆུང་བ། ཤཱ་རིའི་བུ་དང་མོའུ་གལ་གྱི་བུའི་གདུང་བཞུགས་པའི་མཆོད་རྟེན་གཉིས། རྗེ་རང་གིས་རབ་གནས་མཛད་པའི་རྗེ་ཙོང་ཁ་པ། བསྐལ་བཟང་གི་སངས་རྒྱས་སྟོང་། སྟོན་པའི་མཛད་པ་བཅུ་གཉིས། ཕྱག་རྡོར། དབྱུག་སྔོན་ཅན། སེ་བའི་སྡོང་པོ་ཁ་སྲོག་ཤིང་དུ་བྱས་ནས་བཞེངས་པའི་མགོན་པོ་གྲི་གུག་སོགས་རྟེན་མང་པོ་བཞུགས་སོ། །ཇོ་བོའི་གཙུག་ལག་ཁང་འདི་རྣམས་ཀྱི་སྲུང་མ་ནི་དཔལ་གྱི་ལྷ་མོའོ། །

        ད་ནི་ཕན་ཡོན་ཅུང་ཟད་བརྗོད་པར་བྱ་སྟེ། ཇོ་བོ་རིན་པོ་ཆེ་མཐོང་བའི་ཕན་ཡོན་ནི། ཆོས་རྒྱལ་ཉིད་ཀྱི་གསུང་ལས། གཅིག་མཐོང་ན་ངན་སོང་གི་སྒོ་ཆོད། གཉིས་མཐོང་ན་ལྷ་མིའི་ལུས་ཐོབ་ནས་ཐར་པ་འཐོབ། གསུམ་མཐོང་ན་དུག་གསུམ་རང་སར་ཞི་ནས་སྐུ་གསུམ་ལ་སྤྱོད་ནུས། ཞེས་དང་། ཐོས་པའི་ཡོན་ཏན་ནི། དུད་འགྲོའི་རྣ་ལམ་དུ་ཐོས་ཀྱང་དུད་འགྲོའི་ལུས་ལས་གྲོལ་ནས་ཐར་བའི་ལམ་སྣ་ཟིན་ནོ། །ལྷ་མིས་ཐོས་ན་ཐར་པ་འཐོབ། དྲན་པའི་ཡོན་ཏན་ནི། ཡི་དམ་དེ་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་ན་བསྐལ་བ་ལྔ་སྟོང་གི་སྒྲིབ་པ་འདག་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། ཞེས་གསུངས།

        ཕྱག་འཚལ་བའི་ཕན་ཡོན་ནི། གཟུགས་བཟང་བ་དང་གསེར་མདོག་ལྟ་བུར་འགྱུར་བ་དང་མིག་ཏུ་སྡུག་པ་དང་སྐད་སྙན་ཅིང་ཚིག་བཟུང་འོས་པ་དང་། འཁོར་མང་དུ་འདུ་བ་དང་། ལྷ་མི་རྣམས་དགའ་བ་དང་། གཟི་བརྗིད་ཆེན་པོར་འབྱུང་ཞིང་སངས་རྒྱས་བྱང་སེམས་སོགས་དང་འགྲོགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བ་དང་མཐོ་རིས་སུ་སྐྱེ་བ་དང་མྱུར་དུ་མྱ་ངན་ལས་འདས་བའི་གོ་འཕང་ཐོབ་པར་གསུངས་སོ། །མར་མེ་ཕུལ་བའི་ཕན་ཡོན་ནི། འཇིག་རྟེན་ན་མར་མེ་ལྟ་བུ་དང་ལྷ་དང་ཤའི་མིག་རྣམ་པར་དག་པ་དང་དགེ་མི་དགེའི་ཆོས་ཤེས་པར་འགྱུར་བ་དང་། མ་རིག་པའི་མུན་པ་སེལ་ཅིང་ཤེས་རབ་ཀྱི་སྣང་བ་ཐོབ་པ་དང་མུན་ནག་ཏུ་མི་སྐྱེ་བ་དང་ལོངས་སྤྱོད་ཆེ་བ་དང་མཐོ་རིས་སུ་སྐྱེ་བ་དང་མྱུར་དུ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་གསུངས། དེ་བཞིན་དུ་སྐུ་ལ་གསེར་ཆབ་གསོལ་བ་བསྐོར་བ་བྱས་པ་སོགས་ཀྱི་ཕན་ཡོན་ནི། མི་དགེ་བཅུ་སོགས་ཀྱིས་སྡིག་པ་འདག་པ་དང་། ནད་གདོན་བགེགས་སོགས་ཞི་བ་དང་། ཚེ་རིང་བ་སོགས་འདོད་དོན་འགྲུབ་པ་དང་། ཚེ་རབས་རྣམས་སུ་རྟེན་བཟང་ཐོབ་ནས་ཆོས་བྱེད་པའི་སྐལ་ལྡན་དུ་འགྱུར་བ་དང་། མཐར་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་སོགས་ཀྱི་ཕན་ཡོན་དཔག་ཏུ་མེད་པ་གསུངས་སོ། ། 

                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།