རྗེའི་རྣམ་ཐར་ཆེན་མོ་ལས་ཞར་བྱུང་ཇོ་བོ་རྣམ་གཉིས་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པའི་སྐབས་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-12 11:59:49     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་བཙུན་མོ་ཀོང་ཇོས་དེའི་གཡོན་ཕྱོགས་སུ་ར་མོ་ཆེ་ཞེས་པའི་གཙུག་ལག་ཁང་བཞེངས། ས་དགྲ་གནོན་པའི་ཆེད་དུ་རྡོའི་སེང་གེ་སོགས་བཅོས་ཏེ་བཞག ཐོག་མར་ཇོ་བོ་ཆེ་བ་ར་མོ་ཆེ་དང་། ཆུང་བ་འཕྲུལ་སྣང་དུ་བཞུགས་པ་ཡིན་ལ། ཕྱིས་རྒྱལ་པོ་སྲོང་བཙན་སྒམ་པོ་དགུང་ལོ་གྱ་གཉིས་བཞེས་པའི་ཐོག་ཏུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་དུས་སུ་བཙུན་མོ་གཉིས་བཅས་ཇོ་བོ་རྣམ་གཉིས་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་སྨོན་ལམ་བཏབ། རང་བྱོན་ཐུགས་རྗེ་ཆེན་པོའི་མདུན་དུ་བྱོན་ནས་རྒྱལ་བུ་དང་བློན་འབངས་རྣམས་ལ་བསླབ་བྱ་དང་མ་འོངས་ལུང་བསྟན་མང་པོ་གསུངས། བཙུན་མོ་གཉིས་ཀྱིས་ཀྱང་སྨོན་ལམ་དང་བསླབ་བྱ་སོགས་མང་པོ་གསུངས་ནས། ཇོ་བོ་ཆེ་བ་འཕྲུལ་སྣང་དང་། ཆུང་བ་ར་མོ་ཆེར་སྤྱན་དྲངས་ནས་བཞུགས་སུ་གསོལ་ཞེས་བཀའ་བསྩལ་བའི་རྗེས་སུ་རྒྱལ་པོ་བཙུན་མོ་གསུམ་ག་ཐུགས་རྗེ་ཆེན་པོ་ལ་ཐིམ་པར་གྱུར་ཏོ། །

        དེའི་ཕྱིར་ཐུགས་རྗེ་ཆེན་པོ་འདི་ནི་སིང་ག་ལ་ནས་སྤྱན་དྲངས་པའི་སྤྱན་རས་གཟིགས་དང་། བྱིན་རླབས་ཅན་མང་པོ་འཚོགས་པ་ལས་གྲུབ་པའི་སྤྱན་རས་གཟིགས་གཉིས་གཅིག་ཏུ་གྱུར་པའི་སྟེང་དུ་རྒྱལ་པོ་བཙུན་མོ་གཉིས་བཅས་ཐིམ་པས། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་ཞེས་གྲགས་སོ། །བཙུན་མོའི་བཀས་ཇོ་བོ་རྣམ་གཉིས་བརྗེས་ཏེ་བཞུགས་སུ་གསོལ་བ་ནི་ད་ལྟའི་བར་དུ་དེ་བཞིན་བཞུགས་པ་ཡིན་ནོ། །ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་སའི་གཙུག་ལག་ཁང་བཞེངས་པའི་ལོ་ནི། ཐུབ་པའི་དབང་པོ་འཁྲུངས་པའི་མེ་རྟ་ལོ་ནས་ཆིག་སྟོང་ལྔ་བརྒྱ་རེ་བདུན་འདས་ཏེ། རེ་བརྒྱད་པ་ཆུ་གླང་ཡིན་ནོ། །འདི་ནི་སྲོང་བཙན་སྒམ་པོའི་དགུང་ལོ་ཉེར་ལྔའི་གླང་ལོ་ཡིན། ལྷ་ཁང་བཞེངས་པའི་ལོ་འདི་ནས་ལོ་བདུན་བརྒྱ་དང་ཉག་མ་བཞི་འདས་ཏེ། ལྔ་པ་མེ་བྱ་ལ་རྗེ་རིན་པོ་ཆེ་འཁྲུངས་པ་ཡིན་ནོ། །

        དེ་ལྟར་བཞེངས་པའི་གཙུག་ལག་ཁང་གི་རྟེན་གྱི་རིམ་པ་ནི། ཀོང་ཇོས་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནི། རྒྱལ་པོས་ཀོར་ཤི་ཥ་དང་ནེ་རཉྫ་ནའི་བྱེ་མ་སོགས་འོ་མས་སྦྲུས་ཏེ་བཞག་པ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན། །དེ་དུས་བཞེངས་པའི་འཇིག་རྟེན་དབང་ཕྱུག ཁྲོ་གཉེར་ཅན་མ་སོགས་གཙོ་འཁོར་དགུ། ཁྲི་བཙན་གྱིས་གདན་དྲངས་པའི་རྗེ་བཙུན་བྱམས་པ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་རྣམས་ནི་གཙུག་ལག་ཁང་འདིའི་རྟེན་གྱི་གཙོ་བོ་ཡིན་ནོ། །བཅུ་གཅིག་ཞལ་གཙོ་འཁོར་དགུ་བོ་ཐོག་མར་པོ་ཏ་ལའི་ཕོ་བྲང་དུ་མཆོད་པ་ལས། ལྷ་སར་གདན་དྲངས་པའི་ཚེ་རང་ཉིད་འཕུར་ཏེ་བྱོན་པའོ། །

        གཞན་ཡང་རྒྱལ་པོ་བཙུན་མོ་རྣམས་ཀྱིས་ཞལ་ཕྱག་བཀྲུས་པའི་ཆུ་ཐིམ་པའི་ས་ལས་བཞེངས་པའི་བྱམས་པ་ཁྲུས་མཛད་མ། བླ་མ་གསེར་གླིང་པའི་ནང་རྟེན་ལི་དཀར་ལས་བསྒྲུབས་པའི་ཚེ་དཔག་མེད། རྒྱལ་པོ་བཙུན་མོ་གསུམ་གྱིས་ཞལ་ཁྲུས་མཛད་པ་པད་སྤུངས་ཞེས་པའི་རྡོ། རྗེ་རིན་པོ་ཆེའི་སྐུ་བརྙན། འདི་ནི་རྗེ་རང་ཉིད་ཀྱིས་རབ་གནས་མཛད་པ། མཐོང་བ་ཙམ་གྱིས་ཀྱང་ཐར་བའི་ས་བོན་འཇོག་ནུས་པ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན། སྲོང་བཙན་སྒམ་པོས་མེ་ཏོག་གཏོར་ནས་བྱིན་གྱིས་བརླབས་པའི་ཕྱག་རྡོར། འདི་ནི་གླང་དར་མས་བསྟན་པ་བཤིག་པའི་ཐོག་མར་ལྷ་སའི་རྟེན་རྣམས་མེད་པར་བྱེད་པའི་བསམ་པས། ཕྱག་རྡོར་འདིའི་མགུལ་ལ་ཐག་པ་བཏགས་མ་ཐག་འདོགས་མཁན་གྱི་མི་དེ་ཁ་ནས་ཁྲག་སྐྱུགས་ཏེ་སྨྱོས་ཤིང་བརྒྱལ་ནས་ཤིའོ། །དེ་ལ་སྐྲག་ནས་ལྷ་ཁང་བཤིག་མ་ནུས་པས་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །

        འོད་ཟེར་འཕྲོས་པའི་ལྷ་འོད་དཔག་མེད། ཉེ་བའི་སྲས་བརྒྱད། ཁྲོ་བོ་སྨེ་བརྩེགས་ཏེ་སྔོན་རྒྱ་ནག་ནས་དམག་འབུམ་ཕྲག་བཅུ་བོད་དུ་སོང་བ་ན་སུས་ཀྱང་འཐབ་མ་ནུས་པའི་ཚེ། སྨེ་བརྩེགས་འདིའི་ལྟོ་བའི་ནང་ནས་སྤྲུལ་པའི་དམག་གྲངས་མེད་པ་བྱུང་སྟེ་རྫུ་འཕྲུལ་གྱིས་རྒྱ་དམག་བཟློག་པར་མཛད་པ་བྱིན་རླབས་ཆེ་བ་ཡིན་ནོ། །རྗེ་མི་ལས་བྱིན་གྱིས་བརླབས་པའི་གཡག་རྭ། འདི་ནི་མི་ལའི་སློབ་མ་རས་ཆུང་བ་རྒྱ་གར་དུ་ཆོས་ཀྱི་ཕྱིར་སོང་སྟེ་ལོག་འོང་བའི་དུས་སུ། མི་ལ་བསུ་བ་ལ་བྱོན། བླ་སློབ་གཉིས་མཉམ་དུ་ཕེབས་པ་ན། ལམ་ཁར་གཡག་རྭ་ཅིག་འདུག་པ་མི་ལས་གཟིགས་ནས་འདི་ལོངས་ཤིག་གསུངས། རས་ཆུང་གིས་མི་འདོད་ཀྱང་བླ་མའི་བཀས་ཐོགས་ཏེ་སོང་བ་ལས། དཔལ་མོ་ཐང་ཞེས་པའི་ས་ཆར་གློ་བུར་དུ་སྤྲིན་འདུས། སེར་བ་དྲག་པོ་བབ། མི་ལ་གཡག་རྭའི་ནང་དུ་བཞུགས་ནས་བུ་ནང་དུ་སྡོད་གསུངས། རས་ཆུང་གིས་བལྟས་པ་ན་རྭ་ཆེར་མ་སོང་། མི་ལ་ཆུང་ངུར་མ་སོང་བར་བདེ་བར་བཞུགས་པ་མཐོང་ནས་རས་ཆུང་གིས་འཇུག་པར་བརྩམས་ཀྱང་མ་ནུས་སོ། །རྭ་འདི་ནི་རྗེ་མི་ལས་དེ་ལྟར་དུ་བྱིན་གྱིས་བརླབས་པ་ཡིན་ནོ། །

        ཡང་སངས་རྒྱས་འོད་སྲུངས་གིས་རབ་གནས་མཛད་པའི་སྤྱན་རས་གཟིགས། རྡོ་རྗེ་སེམས་དཔའ། སོ་སོར་འབྲང་མ། རྒྱལ་པོས་རབ་གནས་མཛད་པའི་སངས་རྒྱས་རབས་བདུན། སྨན་བླ་བདེར་གཤེགས་བདུན། སངས་རྒྱས་རིགས་ལྔ། སྲོང་བཙན་གྱིས་རང་གི་ཤངས་མཚལ་གྱིས་བྲིས་པའི་ལྷ་མོའི་སྐུ་བརྙན་ནང་དུ་བཞུགས་པའི་ལྷ་མོ། ཐུབ་དབང་། གནས་བརྟན་བཅུ་དྲུག ཇོ་བོ་རྗེ། འབྲོམ་སྟོན་པ་སོགས་དམ་པ་མང་པོའི་སྐུ་བརྙན། དར་ལེན་མ་ཞེས་གྲགས་པའི་སྒྲོལ་མ། འདི་ནི་སྔོན་འཕགས་པ་བླ་མས་རྟེན་མང་པོ་ལ་ཁ་བཏགས་ཕུལ་ནས་ཁ་བཏགས་ཅིག་ཕྱག་ཏུ་བཟུང་ནས་ཡོད་པ་ལ། སྒྲོལ་མ་འདིས། འཕགས་པ་ང་ལ་དར་ཐོངས་ཞེས་གསུངས་པས་དེ་ལྟར་དུ་གྲགས་པའོ། །

        ཡང་མོའུ་གལ་གྱི་བུས་རང་གི་མ་ལ་མ་ཎི་འདོན་དུ་འཇུག་པའི་ཆེད་དུ་གདང་ལ་བཏགས་ནས་དཀྲོལ་བར་མཛད་པའི་དྲིལ་བུ། གཞན་ཡང་རྒྱལ་པོ་སྲོང་བཙན་འཁོར་བཅས་ཀྱི་སྐུ་བརྙན་སོགས་རྟེན་ཤིན་ཏུ་མང་པོ་བཞུགས་སོ། །ཕྱོགས་བཞིའི་འདོད་དགུ་འདུ་བའི་ཕྱིར་ཀ་བ་ཤིང་ལོ་ཅན་གྱི་དྲུང་དུ་ཆོས་དང་རིན་པོ་ཆེ་སྣ་ཚོགས་ཀྱི་གཏེར་བཞག ཕ་རོལ་གྱི་དམག་དང་གདོན་བགེགས་ཀྱི་གནོད་པ་ཞི་བའི་ཕྱིར་ཀ་བ་སྦྲུལ་མགོ་ཅན་གྱི་དྲུང་དུ་དྲག་སྔགས་ཀྱི་གཏེར་བཞག བཟའ་བཏུང་གི་བཅུད་འཕེལ་བའི་ཕྱིར་དུ་གཡང་གི་ཡི་གེ་བྲིས་ནས་ཀ་བ་སེར་མགོ་ཅན་གྱི་དྲུང་དུ་བཞག འབྲུ་དང་ལོ་ཏོག་རྒྱས་པའི་ཕྱིར་ཀླུ་ཁང་དུ་སྦྲུལ་པགས་ཀྱིས་རཏྣ་ངྷེ་ཝ་བཏུམས་ནས་བཞག ཟས་ནོར་ལོངས་སྤྱོད་འཕེལ་བའི་ཕྱིར་བཻ་ཌཱུརྱའི་ལྷུང་བཟེད་ཟས་ཀྱིས་བཀང་སྟེ་བཞག གོས་རྒྱན་རིན་པོ་ཆེ་འབྲུ་སོགས་རྒྱས་པའི་ཕྱིར་ཛམ་བྷ་ལའི་འོག་ཏུ་རིན་པོ་ཆེ་སྟག་ཤངྷེ་ཝ་རིན་ཆེན་གཟིའི་གའུར་བཅུག་སྟེ་བཞག ཡང་གྱང་ལོགས་དང་ཀ་བ་སོགས་གཞོན་ནུ་ནོར་བཟང་གི་གཏམ་རྒྱུད། ཕལ་ཆེ་ལས་གསུངས་པའི་ལོ་རྒྱུས། པོ་ཏ་ལའི་ཕོ་བྲང་གི་རི་མོ། བོད་ཀྱི་རྒྱལ་པོས་འབངས་རྣམས་ལ་དགའ་སྟོན་གནང་བའི་རི་མོ། སྐྱེ་བོ་གསོ་ཐིག་སོགས་རྣམ་ཐར་གཏམ་རྒྱུད་མང་པོའི་རི་མོ་མང་པོ་ཡོད་དོ། །

རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས།
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།