རྗེའི་རྣམ་ཐར་ཆེན་མོ་ལས་ཞར་བྱུང་ཇོ་བོ་རྣམ་གཉིས་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པའི་སྐབས་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-12 11:47:13     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་ཡང་ཙན་དན་ཀོར་ཤི་ཥ་བླང་བའི་ཕྱིར་སོང་བ་ན་དེ་ལ་དུག་སྦྲུལ་དཀྲིས་ནས་འདུག་པས་གླ་རྩིའི་དྲི་བཏང་བས་སྤྲུལ་དེ་བྱོལ་ནས་སོང་། དེ་ནས་ཙན་དན་བཅད་ནས་བླངས། དེ་ནས་ཨུཏྤལ་གེ་སར་རྒྱལ་པོའི་ཕོ་བྲང་གི་ཉེ་བར་པདྨ་འཁོར་ལོ་ཅན་ཞེས་པའི་མཆོད་རྟེན་གྱི་བུམ་པའི་ནང་ནས་དེ་བཞིན་གཤེགས་པ་བདུན་གྱི་རིང་བསྲེལ་བྲེ་གང་བླངས་ནས་དེའི་ཤུལ་བཀག་སྟེ་རྒྱས་བཏབ་ནས་བཞག་གོ །དེ་ནས་རྒྱ་མཚོའི་གླིང་དུ་ཕྱིན་པས་རྩྭ་འཇག་མ་མང་པོ་སྐྱེས་འདུག་པའི་རྩྭ་རེ་རེའི་རྩེ་མོར་ལྷ་རེ་བཞུགས་པ་མཐོང་ནས་རྩྭ་དེ་ལས་དུམ་ཅིག་བླངས། དེ་ནས་ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་ཕྱིན་པས་བྱེ་མའི་སྟེང་དུ་ལྷ་མང་པོ་བཞུགས་པ་མཐོང་ནས་བྱེ་མ་བྲེ་གང་བླངས། དེ་ནས་བྱང་ཆུབ་ཀྱི་ཤིང་གི་ཡལ་ག་ལོ་མ། གནས་ཆེན་བརྒྱད་ཀྱི་ས། འཕགས་ཡུལ་གྱི་ས་རྡོ་བྱིན་ཆེན་སོགས་མང་པོ་བླངས་ནས་འོངས་ཏེ་རྒྱལ་པོ་ལ་ཕུལ། རྒྱལ་བོས་སྤྱན་རས་གཟིགས་དེ་ལ་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས། ལྷ་དེའི་ཐུགས་ཀ་ནས་འོད་ཟེར་བྱུང་། རྒྱ་བལ་མཚམས་ཀྱི་ཧ་རི་ཙན་དན་གྱི་ཤིང་ཅིག་ལ་ཕོག དེ་ནས་སྤྲུལ་པའི་དགེ་སློང་གིས་ཤིང་དེའི་དྲུང་དུ་ཕྱིན་པས། ཤིང་དེ་ནི་ཚིགས་བཞི་པ་ཕྱོགས་བཅུར་འོད་ཟེར་འཕྲོ་བ་ཞིག་འདུག་གོ །

        དེའི་ཚིགས་པ་དང་པོའི་ནང་ནས་ང་མང་ཡུལ་དུ་སྤྱན་དྲོངས་ཞེས་སྒྲ་བྱུང་བས། དེ་བཅག་པ་ན་ཝ་ཏི་ཞེས་པའི་སྤྱན་རས་གཟིགས་ཀྱི་སྐུ་བྱུང་། དེ་མང་ཡུལ་དུ་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ནི་ད་ལྟའི་བར་ཕྱོགས་དེར་འགྲོ་བ་རྣམས་ཀྱི་རྟེན་དུ་བཞུགས་སོ། །ཚོགས་པ་གཉིས་པའི་ནང་ནས་དབུ་ཁང་ཞེས་པའི་ཕྱག་རྡོར་གྱི་སྐུ་བྱུང་བ་ཡཾ་བུ་ཡ་མཁལ་ཞེས་པའི་གྲོང་ཁྱེར་དུ་བཞུགས་སུ་གསོལ། ཚིགས་པ་གསུམ་པའི་ནང་ནས་འཇའ་མ་ལི་ཞེས་པའི་འཇམ་དབྱངས་ཀྱི་སྐུ་བྱུང་བ་རྒྱ་བལ་གྱི་མཚམས་སུ་བཞུགས་སུ་གསོལ། ཚིགས་པ་བཞི་པའི་ནང་ནས་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བྱུང་སྟེ་ཁོ་བོ་བོད་ཀྱི་རྒྱལ་པོའི་རྟེན་དུ་འགྲོ་གསུངས་པས། དེ་སྤྱན་དྲངས་ནས་རྒྱལ་པོ་ལ་ཕུལ། རྟེན་འདི་ནི་དེང་སང་པོ་ཏ་ལའི་ཕོ་བྲང་ན་མཆོད་ཅིང་ཡོད། དེ་ནས་རྒྱལ་པོས་བལ་པོའི་བཟོ་བོ་ཀུན་བཀུགས་ནས་ཙན་དན་དང་ས་རྡོ་བྱིན་ཆེན་སོགས་ཕྱེ་མར་བྱས་ཏེ། བ་དམར་མོ་དང་ར་དཀར་མོའི་འོ་མས་སྤྲུས་ཏེ་བཞག་ནས་གསོལ་བ་བཏབ་པས། ནམ་མཁའ་གང་བའི་ལྷའི་ཚོགས་བྱོན་ནས་དེ་ལ་ཐིམ། སང་སྔ་བར་བལྟས་པས་སྤྱན་རས་གཟིགས་བཅུ་གཅིག་ཞལ་དུ་གྲུབ་འདུག

        དེར་རྒྱལ་པོས་བཟོ་བོ་ལ། རྟེན་འདི་ཤིན་ཏུ་ཡ་མཚན་པ་བྱུང་འདུག་ཀྱང་རྒྱ་གར་ནས་སྤྱན་དྲངས་པའི་རང་བྱུང་ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་རབས་བདུན་གྱི་རིང་བསྲེལ་རྣམས་ནང་དུ་གཞུག་རྒྱུ་ཡིན་པ་ལ། གསུངས་པར། བཟོ་བོས། འདི་ངས་བཞེངས་པ་མིན། འདི་རང་བྱོན་དུ་གྲུབ་པ་ཡིན་ཞེས་ཞུས། དེ་མ་ཐག་ལྷ་དེའི་ཞབས་མཐིལ་གཡོན་པ་ནས་འོད་ཟེར་བྱུང་སྟེ་རྟེན་དེ་རྣམས་དྲངས་ནས་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ་པར་གྱུར། ཡང་འཇིག་རྟེན་དབང་ཕྱུག ལྷ་མོ་ཁྲོ་གཉེར་ཅན། དབྱངས་ཅན་མ། བདུད་རྩི་འཁྱིལ་བ། ཁ་སར་པ་ཎི། སྒྲོལ་མ། འོད་ཟེར་ཅན། རྟ་མགྲིན་རྣམས་ཀྱི་སྐུ་བཞེངས། དེའི་ཚེ་ནུབ་ཕྱོགས་ཀྱི་ཟླ་བ་ཞེས་པའི་ཚལ་གྱི་དུག་གི་སྡོང་པོའི་རྩ་བར་ནག་ཕྱོགས་ཀྱི་འབྱུང་པོ་རྣམས་འཚོགས་ནས། ཆོས་བྱེད་པ་ལ་བར་ཆད་བྱ་བར་བརྩམས། དེའི་ཚེ་སྤྱན་རས་གཟིགས་འཛུམ་པ་མཛད་པའི་ཞལ་ནས་འོད་ཟེར་གཉིས་བྱུང་བའི་གཅིག་ལས་བདུད་རྩི་འཁྱིལ་བ་བྱུང་སྟེ་མ་མོའི་ཡུལ་ཕྲོགས་ནས་རྡོ་རྗེའི་ར་བས་བསྐོར་བར་མཛད། གཅིག་གི་རྩེ་མོ་ལས་རྟ་མགྲིན་བྱུང་སྟེ་དེའི་ཞལ་ནས་ཐོག་དང་འདྲ་བའི་མེ་དཔུང་ཆེན་པོ་བྱུང་སྟེ་འབྱུང་པོ་དེ་རྣམས་ལ་ཕོག་པས་བདུད་རིགས་དེ་རྣམས་ཕྱིའི་རྒྱ་མཚོའི་ཕ་མཐར་བྲོས། འཕྲོས་པའི་ལྷ་དེ་གཉིས་སླར་འོངས་ནས་རང་རང་གི་སྐུ་ལ་ཐིམ་པར་གྱུར་ཏོ། །

        དེ་ནས་ཁྲི་བཙུན་གྱིས་ལ་གདོང་ནེའུ་ཐབ་ལ་ལྷ་ཁང་གི་རྨང་བཏིང་བ་མཚན་མོ་མི་མ་ཡིན་གྱིས་ཤུལ་ཙམ་ཡང་མེད་པར་བཤིག དེ་རྒྱལ་པོ་ལ་ཞུས་པས། རྒྱལ་པོ་བཙུན་མོ་གཉིས་འོ་ཐང་གི་མཚོ་འགྲམ་དུ་ཕེབས། རྒྱལ་པོས་སོར་གདུབ་ནམ་མཁའ་ལ་འཕང་དུ་བཅུག་པས་མཚོ་ནང་དུ་བབས་པའི་ཚེ། མཚོའི་དབུས་སུ་འོད་ཟེར་འཕྲོས་པའི་མཆོད་རྟེན་ཅིག་ཡོད་པ་ཀུན་གྱིས་མཐོང་། དེ་ནས་རྒྱལ་པོས་བཀྲ་ཤིས་པའི་ཚིག་གསུངས་ཤིང་། བློན་འབངས་བཅས་ཀྱིས་མཚོ་ནང་དུ་རྡོ་མང་པོ་འཕངས་པས་ཤིན་ཏུ་བརྟན་པའི་རྡོ་རྨང་ཞིག་ཆགས། དེའི་སྟེང་དུ་ལྷ་ཁང་བརྩིགས་ཀྱང་ལྷ་འདྲེས་བཤིག་པས། བཙུན་མོ་ཀོང་ཇོས་ནག་རྩིས་ཀྱི་ལུགས་བཞིན་བརྟག་དཔྱད་མཛད་དེ། བོད་ཀྱི་ཡུལ་འདི་ནི་སྲིན་མོ་གན་རྐྱལ་དུ་ཉལ་བའི་དབྱིབས་ཅན་གྱི་ས་ཡིན་འདུག་ཅིང་། མཚོ་འདི་ནི་དེའི་སྙིང་ཀ་ལྟ་བུར་འདུག་པས། དེའི་ཡན་ལག་རྣམས་གནོན་པའི་ལྷ་ཁང་བརྩིག་དགོས། ཞེས་སོགས་བཅོས་ཐབས་ཀྱི་རིམ་པ་རྒྱལ་པོ་ལ་ཞུས་པས། རྒྱལ་པོ་ཤིན་ཏུ་དགྱེས་ཏེ་རྒྱལ་པོ་དང་ཀོང་ཇོ་ཁྲི་བཙུན་བཅས་གསུམ་ག་ཕ་བོང་ཁར་བྱོན་ཏེ་ཞག་བདུན་དུ་བསྙེན་སྒྲུབ་མཛད། རིགས་གསུམ་མགོན་པོ་དངོས་སུ་བྱོན་ཏེ་ས་གཞི་བྱིན་གྱིས་བརླབས་སོ། །

        དེ་རྗེས་ས་དགྲའི་ཉེས་པ་འཇོམས་པའི་ཆེད་དུ། སྲིན་མོའི་ཕྲག་པ་གཡས་ལྟ་བུའི་ས་ལ་སྐ་ཆུང་གི་གཙུག་ལག་ཁང་བརྩིགས། དེ་བཞིན་དུ་ཕྲག་གཡོན་ལ་ཁྲ་འབྲུག རྐང་པ་གཡས་ལ་གཙང་འགྲམ། རྐང་གཡོན་ལ་གྲོམ་པ་རྒྱང་སྟེ་རི་གནོན་གྱི་གཙུག་ལག་ཁང་བཞི་བརྩིགས་སོ། །ཡང་གྲུ་མོ་གཡས་པར་བུ་ཆུ། གྲུ་མོ་གཡོན་པར་ལྷོ་བྲག པུས་མོ་གཡས་པར་སྐ་བྲག པུས་མོ་གཡོན་པར་བྲ་དུཾ་རྩེའི་ལྷ་ཁང་སྟེ་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་བརྩིགས་སོ། །ཡང་ལག་པ་གཡས་པའི་མཐིལ་དུ་རླུང་གནོན། གཡོན་པའི་མཐིལ་དུ་ཐང་སྒྲོན། རྐང་བ་གཡས་པའི་མཐིལ་དུ་བྱམས་སྤྲིན། གཡོན་པའི་མཐིལ་དུ་མོན་གྱི་ལྷ་འདྲེ་སྟེ་ཡང་འདུལ་གྱི་གཙུག་ལག་ཁང་བཞི་བརྩིགས་སོ། །དེའི་རྗེས་འོ་ཐང་གི་མཚོའི་ནང་དུ་རྡོའི་རྨང་གཞི་ཆེན་པོ་བརྩིགས། ཤུག་པའི་ཤིང་བཀྲམ། ཀླུ་འདམ་གྱིས་ཞལ་བ་བྱས། དེའི་སྟེང་དུ་ར་དཀར་གྱིས་ས་བསྐྱལ་ཏེ་བརྡལ་བས་རྨང་གཞི་སྲ་ཞིང་བརྟན་པར་གྱུར་ཏོ། །དེའི་སྟེང་དུ་འཕྲུལ་སྣང་གི་གཙུག་ལག་ཁང་སྒོ་ལྷོ་ནུབ་ཀྱི་མཚམས་སུ་བསྟན་ཏེ་བཞེངས། འདི་ནི་དེང་སང་ལྷ་སའི་ཇོ་བོ་ཆེ་བའི་གཙུག་ལག་ཁང་ཞེས་གྲགས་པ་འདི་ཡིན་ནོ། ། 

                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།