རྗེའི་རྣམ་ཐར་ཆེན་མོ་ལས་ཞར་བྱུང་ཇོ་བོ་རྣམ་གཉིས་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-12 11:41:34     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        སྟོན་པའི་སྐུ་འདི་ནི་བརྒྱ་བྱིན་གྱིས་བཞེངས་པའི་སྐུ་གསུམ་གྱི་ཆུང་བ་ཡིན་ཞིང་། ཇོ་བོ་མི་བསྐྱོད་རྡོ་རྗེ་ཞེས་གྲགས་སོ། །ཇོ་བོ་ཆུང་བ་འདི་བརྒྱ་བྱིན་གྱིས་བཞེངས་པ་མིན་ཞིང་། དུས་ཕྱིས་བཞེངས་པར་བཞེད་པའང་ཡོད་དོ། །བྱམས་པ་ནི། འཛམ་བུ་གླིང་པའི་ཚེ་ལོ་ཉི་ཁྲི་པའི་དུས་སུ་སངས་རྒྱས་འོད་སྲུངས་ཀྱི་སྦྱིན་བདག་རྒྱལ་པོ་ཀྲྀ་ཀྲྀས་ལི་དམར་གྱིས་བཞེངས་པ། སངས་རྒྱས་འོད་སྲུངས་ཀྱིས་རབ་གནས་མཛད་པའོ། །སྒྲོལ་མ་ནི་ཙན་དན་ལས་བཞེངས་པ་སྟེ། ཚུར་འབྱོན་པའི་ལམ་དུ་བྲག་དང་ཆུ་འཐབ་པའི་འཕྲང་ལ་རྟེན་འདི་རྣམས་ཞབས་ཐད་ལ་དངོས་སུ་བྱོན་པ་དང་། འོད་ཟེར་འཕྲོ་བ་སོགས་ངོ་མཚར་ཅན་ཡིན་ནོ། །བཻདཱུརྱའི་ལྷུང་བཟེད་ནི་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ཡིན་ནོ། །

        དེ་ནས་ཁྲི་བཙུན་གྱིས། ལྷུང་བཟེད་དེ་ཟས་སྣ་ཚོགས་ཀྱིས་བཀང་སྟེ་རིན་པོ་ཆེའི་ཁྲིའི་སྟེང་དུ་བཞག་ནས་གསོལ་བ་བཏབ་པས་བཟའ་བཏུང་སོགས་ཟད་མི་ཤེས་པ་བྱུང་། བཟའ་བཏུང་དེ་རྣམས་མི་མང་ལ་བྱིན་ནས་པོ་ཏ་ལའི་ཕོ་བྲང་ཆེན་པོ་བརྩིགས། ཕོ་བྲང་དེའི་ཁོར་ཡུག་གི་ཁྱིམ་ནི་དགུ་བརྒྱ་གོ་དགུ་ཡིན་ཞིང་། རྩེ་མོར་རྒྱལ་པོའི་ཕོ་བྲང་བཅས་ཁྱོན་གྲངས་སྟོང་དུ་ལོངས་པའོ། །དེའི་ཁ་པང་ལ་ནོར་བུས་བརྒྱན་ཅིང་། དྲིལ་བུ་སྒྲ་སྙན་པ་དང་། དྲ་བ་དང་། མདུང་དམར་སོགས་ཀྱིས་བརྒྱན་པ་རྣམ་རྒྱལ་ཁང་བཟང་དང་མཚུངས་པའོ། །ཕོ་བྲང་འདི་བརྩིགས་པའི་གནས་ནི་དམར་པོ་རི་ཞེས་བྱ་བ་སྤྱན་རས་གཟིགས་ཀྱི་བླ་རི་ཡིན་ལ། ཕོ་བྲང་འདི་ལ་པོ་ཏ་ལ་ཞེས་གྲགས། དེང་སང་རྒྱལ་དབང་རིན་པོ་ཆེ་སྐུ་ན་རིམ་གྱིས་འདིར་བཞུགས་ཡོད་པ་ཡིན་ནོ། །

        དེ་ནས་རྒྱ་ནག་གི་རྒྱལ་པོ་ཐང་ཐའི་ཙུང་གི་སྲས་མོ་རྗེ་བཙུན་སྒྲོལ་མའི་རྣམ་འཕྲུལ་འུན་ཤིང་ཀུང་ཇོ་ཞེས་པ་བཙུན་མོར་སྤྱན་དྲངས། བཙུན་མོ་འདིས་འབྱོན་པའི་ཚེ་ཡང་། ཇོ་བོ་ཤཱཀྱ་མུ་ནེ་དང་། རིན་པོ་ཆེ་དང་ལོངས་སྤྱོད་ཀྱི་རིགས་དཔག་ཏུ་མེད་པ་བསྣམས་ཏེ་བྱོན་ནོ། །རྒྱལ་པོ་འདིའི་མཚན་ཐང་ཐའི་ཙུང་ཞེས་པ་ནི་སེང་གེ་དཔུང་བ་ཞེས་པ་ཡིན་ལ། ཀོང་ཇོའི་མཚན་འུན་ཤིང་ཞེས་པ་ནི་རྒྱ་མཚོའི་པདྨ་ཞེས་པའོ། །ཇོ་བོ་འདི་ནི་གོང་དུ་བཤད་པའི་བརྒྱ་བྱིན་གྱིས་བཞེངས་པའི་སྟོན་པའི་སྐུ་འབྲིང་པོ་ཡིན་ཞིང་། ད་ལྟ་ལྷ་སའི་ཇོ་བོ་རིན་པོ་ཆེ་ཞེས་གྲགས་པ་འདིའོ། །

        དེ་ནས་རྒྱལ་པོ་བཙུན་མོ་གསུམ་གས་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པའི་ཕྱིར་གཙུག་ལག་ཁང་བཞེངས་པར་བཞེད་དེ། ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་པས། རྒྱལ་པོའི་སྐུ་ཚད་དང་མཉམ་པའི་ཐུགས་རྗེ་ཆེན་པོའི་སྐུ་བཞེངས་ན་འདོད་དོན་འགྲུབ། ཅེས་པའི་སྒྲ་ཞིག་བྱུང་ངོ་། །དེ་ནས་ལྷ་རྣམས་ཀྱིས་བསྐུལ་བས་རྟེན་གྱི་ནང་དུ་གཞུག་རྒྱུ་བྱིན་རླབས་ཅན་གྱི་རིགས་ལེན་པའི་ཕྱིར། རྒྱལ་པོས་སྨིན་མཚམས་ནས་འོད་ཅིག་ཕྱུང་། འོད་ཟེར་དེ་ལས་བློ་གྲོས་འབྱུང་གནས་ཞེས་བྱ་བའི་སྤྲུལ་པའི་དགེ་སློང་ཞིག་བྱུང་སྟེ། རྒྱ་གར་ལྷོ་ཕྱོགས་ཨུཏྤལ་གེ་སར་ཞེས་པའི་རྒྱལ་པོའི་ཡུལ་དུ་ཕྱིན། རྫུ་འཕྲུལ་གྱིས་རྒྱལ་པོ་དེ་དད་པར་བྱས། རྒྱལ་པོ་དང་མི་མང་པོ་འཁྲིད་ནས་སིངྒ་ལའི་རྒྱ་མཚོའི་འགྲམ་དུ་སླེབས་པ་ན། དེར་བྲག་ལ་རང་བྱོན་དུ་གྲུབ་པའི་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎི་བཞུགས། བྲག་དེའི་རྒྱབ་ཀྱི་བྱེ་མའི་སྟེང་དུ་གླང་པོ་ཆེ་མང་པོ་ཉལ་ནས་འདུག་ཅིང་། དེའི་ཁྲོད་ན་གླང་ཆེན་སྣ་དམར་པོ་ཞིག་ཤར་ཕྱོགས་སུ་ཁ་བལྟས་ཏེ་ཉལ་འདུག་གོ །དེར་རྒྱལ་པོ་དམག་བཅས་སྐད་བཏང་ནས་བརྒྱུགས་པས་གླང་པོ་རྣམས་འདྲོགས་ཏེ་བྲོས། དེ་ནས་གླང་སྣ་དམར་ཉལ་བའི་འོག་གི་ས་བརྐོས་པས། ཙནྡན་སྤྲུལ་སྙིང་ཞིག་བྱུང་། ཤིང་དེ་ལ་སུལ་གྱི་རིས་བཞི་ཡོད་པ་བཞིན་བཅག་པས་སྤྱན་རས་གཟིགས་བཅུ་གཅིག་ཞལ་འོད་ཟེར་འཕྲོ་བ་ཞིག་བྱུང་བ་བླངས་ནས་ཙན་དན་ལས་ཀྱང་ཅུང་ཟད་བླངས། ཙཎྡན་གྱི་ལྷག་མ་རྣམས་ནི་ལྷ་སྐུ་བརྒྱ་རྩ་བརྒྱད་བཞེངས་ཞེས་རྒྱལ་པོ་དེ་ལ་བྱིན་ནོ། ། 

རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས།
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།