རྗེའི་རྣམ་ཐར་ཆེན་མོ་ལས་ཞར་བྱུང་ཇོ་བོ་རྣམ་གཉིས་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པའི་སྐབས་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-12 11:35:18     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ད་ནི་ཞར་ལ་ལྷ་སའི་ཇོ་བོའི་ལོ་རྒྱུས་མདོ་ཙམ་བརྗོད་པར་བྱའོ། །དེ་ཡང་ཐོག་མར་ཇོ་བོ་རིན་པོ་ཆེའི་སྐུ་འདི་བཞེངས་པའི་རྒྱུ་མཚན་ནི། སྟོན་པ་བཅོམ་ལྡན་འདས་རྒྱལ་བྱེད་ཚལ་དུ་བཞུགས་པའི་སྐབས་ཤིག་རྗེ་བཙུན་འཇམ་པའི་དབྱངས་ཀྱིས། འགྲོ་བ་མང་པོས་བསོད་ནམས་བསོག་པའི་རྟེན་བཞེངས་པའི་རིམ་པ་ཞུས་པར། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་བྱུང་སྟེ། ཚངས་པ་ཁྱབ་འཇུག་བརྒྱ་བྱིན་དང་བི་ཤྭ་ཀརྨ་བཅས་ལྷ་བཞི་ལ་ཕོག དེ་དག་གིས་སངས་རྒྱས་ཀྱི་མཐུས་སྤོབས་པ་སྐྱེས་ནས། སྟོན་པའི་དྲུང་དུ་འོངས་ནས། རང་གཞན་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་ཕྱིར་དུ་རྟེན་བཞེངས་པར་བགྱི་ཞེས་ཞུས། དེ་ནས་ལྷ་ཚངས་པས་ལྷའི་རིན་པོ་ཆེ་སྣ་ཚོགས་བསགས་པ་ལ་བི་ཤྭ་ཀརྨས་བཞུ་བཏུལ་བྱས་ཏེ། སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་སྐུའི་རྟེན་མཆོད་རྟེན་ཅིག་བཞེངས་སོ། །མཆོད་རྟེན་འདི་ནི་ད་ལྟ་ཨུ་རྒྱན་གྱི་གནས་སུ་མཁའ་འགྲོ་མ་རྣམས་ཀྱི་མཆོད་ཡུལ་དུ་བཞུགས་སོ། །

        དེ་ནས་ཁྱབ་འཇུག་གིས་ཀླུའི་རིན་པོ་ཆེ་རྣམས་བསགས་པ་ལ་བི་ཤྭ་ཀརྨས་སྟོན་པའི་ལོངས་སྐུའི་རྟེན་གངས་ཆེན་མཚོ་ཞེས་པའི་སྐུ་བཞེངས། འདི་ནི་ཕྱིའི་རྒྱ་མཚོ་ཆེན་པོར་གཟའ་སྐར་སོགས་མི་མ་ཡིན་རྣམས་ཀྱི་མཆོད་གནས་སུ་བཞུགས་སོ། །དེ་ནས་བརྒྱ་བྱིན་གྱིས་ཨིནྡྲ་ནཱི་ལ་དང་མཐོན་ཀ་སོགས་ལྷའི་རིན་པོ་ཆེ་དང་། གསེར་དངུལ་བྱུ་རུ་མུ་ཏིག་སོགས་མིའི་རིན་པོ་ཆེ་རྣམས་བསགས་པ་ལ་བི་ཤྭ་ཀརྨས་སྟོན་པའི་སྤྲུལ་སྐུའི་རྟེན་སྐུ་གཟུགས་ཆེ་འབྲིང་ཆུང་གསུམ་བཞེངས། དེ་ལ་ཆེ་བ་ནི་སྟོན་པ་དགུང་ལོ་ཉེར་ལྔའི་སྐུ་ཚད་ཅན་ཏེ་ད་ལྟ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་ན་བཞུགས། འབྲིང་པོ་ནི་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ཅན་ཏེ། ཐོག་མར་བརྒྱ་བྱིན་གྱིས་ལྷའི་ཡུལ་དུ་གདན་དྲངས། དེ་ནས་ཨུ་རྒྱན་གྱི་ཡུལ་དང་རྒྱ་གར་དང་རྒྱ་ནག་རྣམས་སུ་བྱོན། ད་ལྟ་ལྷ་སའི་ཇོ་བོ་ཆེན་པོ་ཞེས་གྲགས་པ་འདི་ཡིན་ནོ། །

        ཆུང་བ་ནི་དགུང་ལོ་བརྒྱད་པའི་ཚད་ཅན་ཏེ་ད་ལྟ་ལྷ་སའི་ཇོ་བོ་ཆུང་བར་གྲགས་པ་འདིའོ། །རྟེན་འདི་དག་ནི་སྟོན་པ་ཤཱཀྱའི་རྒྱལ་པོ་རང་ཉིད་ཀྱིས་རབ་གནས་མཛད་ཅིང་བྱིན་གྱིས་བརླབས་པ་ཡིན་པས་སངས་རྒྱས་དངོས་དང་ཁྱད་པར་མེད་པ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །

        ཇོ་བོ་རིན་པོ་ཆེ་འདི་གཉིས་བོད་དུ་ཇི་ལྟར་བྱོན་པའི་ཚུལ་ནི། སྔོན་སྟོན་པ་ཐུབ་པའི་དབང་པོ་སྐུ་བལྟམས་པའི་མེ་རྟ་ལོ་ནས་ཆིག་སྟོང་ལྔ་བརྒྱ་ཞེ་གསུམ་འདས་ཏེ། ཞེ་བཞི་བ་ས་གླང་ལོ་ལ། བོད་དུ་གནམ་རི་སྲོང་བཙན་ཞེས་པའི་རྒྱལ་པོ་ལ་སྲས་ཅིག་འཁྲུངས། ཁྱེའུ་དེའི་དབུ་གཙུག་ཏུ་སངས་རྒྱས་འོད་དཔག་མེད་དངོས་སུ་གྲུབ་པ། མཚན་དཔེ་ཕུན་སུམ་ཚོགས་པ། འཁྲུངས་པའི་ཚེ་རྟགས་ངོ་མཚར་ཅན་མང་དུ་བྱུང་བའོ། །སྲས་དེ་ལ་སྲོང་བཙན་ཞེས་མཚན་གསོལ། སྲས་དེ་ཉིད་དགུང་ལོ་བཅུ་གསུམ་པའི་ཐོག་ཏུ་རྒྱལ་སྲིད་ཀྱི་ཁྲིར་བཞུགས། དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ནམ་མཁར་བྱོན་ཏེ་རིན་པོ་ཆེའི་བུམ་པའི་ཆུས་དབང་བསྐུར། ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་བབས་པར་མཛད། གནས་དེ་ནི་ད་ལྟ་དགའ་ལྡན་བཏབ་པའི་ས་འདི་ཡིན་ནོ། །

        རྒྱལ་པོ་དེས་བློན་པོ་ཐོན་མི་སཾ་བྷོ་ཊ་རྒྱ་གར་དུ་བརྫངས་པས་མཁས་པར་གྱུར་ཏེ་བོད་ཀྱི་གཟབ་ཡིག་གཤར་ཡིག་རྣམས་གསར་དུ་བཟོས། སྤང་ཀོང་ཕྱག་བརྒྱ་པ་སོགས་མདོ་འགའ་བོད་དུ་བསྒྱུར། དེ་ནས་རྒྱལ་པོས། འབངས་ཀྱི་སྐྱེ་བོ་ཐམས་ཅད་ཀྱིས་དགེ་བ་བཅུ་ལ་སྤྱོད་པ་དང་། དཀོན་མཆོག་གསུམ་ལ་བརྟེན་པ་དང་། མ་ཎི་འདོན་པ་སོགས་ཀྱི་སྲོལ་བཟང་པོ་ཚུགས་པར་མཛད་པས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཞེས་མཚན་དུ་ཆགས་སོ། །མ་ཎི་བཟླ་བའི་སྲོལ་ནི་རིམ་གྱིས་སོག་ཡུལ་དུ་དར་ནས། ཐམས་ཅད་ཀྱིས་མ་ཎི་ཤེས་ཤིང་འདོད་པ་འདི་བྱུང་བ་ཡིན་ནོ། །དེ་དུས་བལ་པོའི་ཡུལ་དུ་འོད་ཟེར་གོ་ཆ་ཞེས་པའི་རྒྱལ་པོའི་སྲས་མོ་ལྷ་མོ་ཁྲོ་གཉེར་ཅན་མའི་རྣམ་འཕྲུལ་ཁྲི་བཙུན་ཞེས་པ་དེ་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་སྤྱན་དྲངས། བཙུན་མོ་དེ་འབྱོན་པའི་ཚེ། གོང་དུ་བཤད་པའི་ཤཱཀྱ་མུ་ནིའི་སྐུ་ཆུང་བ་དང་། བྱམས་པ་མགོན་པོ། སྒྲོལ་མ། བཻ་ཌཱུརྱའི་ལྷུང་བཟེད་དང་། གཞན་ཡང་རིན་པོ་ཆེ་སོགས་ནོར་རྫས་ཀྱི་རིགས་མང་པོ་རང་གི་ཡབ་རྒྱལ་པོ་ལ་ཞུས་ནས་བསྣམས་ཏེ་བྱོན་ནོ། ། 

                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།