རྗེའི་རྣམ་ཐར་ཆེན་མོ་ལས་ཆོ་འཕྲུལ་སྨོན་ལམ་བཙུགས་པའི་སྐབས་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-12 11:26:38     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ལྟར་ལྷ་མཆོད་མི་མཆོད་ཀྱི་ཆས་ཕྱོགས་ཀྱི་དད་འབུལ་དང་བཅས་པ་ཐམས་ཅད་རགས་པ་ཙམ་ཞིག་བརྩིས་ནས་ཕྱོགས་གཅིག་ཏུ་དྲིལ་བ་ལ། གསེར་ཞོ་དགུ་བརྒྱ་དང་ཉེར་གཅིག གསེར་ཞོ་ཕྱེད་དང་ལྔ་བརྒྱའི་དངུལ། མར་ཁལ་ཁྲི་ཚོ་གསུམ་སྟོང་ཕྲག་བདུན་དང་དྲུག་ཅུ་ཐམ་པ། ནས་རྩམ་ཁལ་ཁྲི་ཚོ་གཅིག་སྟོང་ཕྲག་བརྒྱད་དང་ཉིས་བརྒྱ་དང་བཅུ་གཅིག ཇ་དཀར་ཞོ་བཞི་བརྒྱ་དང་བཅུ་དྲུག ཇ་ནག་སིག་བརྒྱ་དྲུག་ཅུ་རེ་གསུམ། བུ་རམ་ཀ་ར་ཏང་བཅོ་བརྒྱད། ཤ་སྐམས་ཁོག་པ་ཉིས་སྟོང་དང་བརྒྱ་བདུན་ཅུ་དོན་གཉིས། ཕན་དང་རྒྱལ་མཚན་ཆེན་མོ་སོ་གསུམ། ན་བཟའ་དང་གོས་བཙེམས་མ་སུམ་ཅུ། གོས་དར་ཡུག་གཉིས་བརྒྱ་དང་དགུ་བཅུ། རས་ཡུག་བདུན་བརྒྱ་སོ་གཅིག ཀ་དན་སྒྲིལ་མ་ལྔ་བཅུ་ལྷག་གཅིག གཡུ་རྙིང་རྡོག་པོ་ཆེ་ཆུང་འདྲེས་པ་དྲུག་ཅུ་ལྷག་ཙམ། མཛོ་རྟ་སོགས་ཀྱི་རིན་གོང་བརྩིས་པ་སྨར་ཞོ་ཉིས་སྟོང་དང་དོན་གསུམ། སྡོང་རས་ལ་ཕུལ་བའི་ཇ་ཐར་བཅུ་བཞི། སྤོས་དཀར་ཁལ་ཉི་ཤུ་རྩ་གཅིག བླ་བྲེ་བཙེམས་མ་གསུམ། སློས་རིང་མདའ་ཚད་མ་ཁྲི་ཚོ་གསུམ་དང་སུམ་སྟོང་ཉིས་བརྒྱ་བདུན་ཅུ། སྤང་སྤོས་དང་དྲི་བཟང་བསྲེས་པ་ཕད་བུ་ཆེན་པོ་ཉེར་ལྔ། གཞན་འདིར་མ་བརྩིས་པའི་ཕྲན་ཚེགས་མཐའ་ཡས་མོད། འདི་རང་གི་དཀར་ཆག་ཆེན་མོ་ལོགས་སུ་མཛད་པར་བལྟ་བར་བྱའོ། །ཞེས་གསུངས་ཏེ། གོང་དུ་བཤད་པའི་མར་གྱི་ཚད་ཁལ་རེ་ལ་རྒྱ་ནག་གི་སྲང་བརྒྱད་བཅུ་ཡོད་ཟེར། ཇའི་ཚད་ཀྱི་ཞོ་ནི་དེང་སང་གི་ཞོ་སྲང་གི་ཚད་ལྟ་བུ་མ་ཡིན་པར་ཞོ་གཅིག་ནི་རྒྱ་མ་གང་གི་ཚད་ལྟ་བུ་ཡིན་པ་འདྲ།

        ཡང་རྗེ་རིན་པོ་ཆེས་དད་ལྡན་མང་པོ་ལ་ཞལ་ཏ་གནང་ནས། ཇོ་བོའི་ལྷ་ཁང་ལ་ཤྭ་འོད་ཀྱི་ཆུའི་གནོད་པ་མི་ཡོང་བའི་ཆེད་དུ་ཀླུང་གི་འགྲམ་ནས་རྡོ་རགས་བརྩིགས། བཅུ་དྲུག་གི་ཉིན་ཚོགས་གྲོལ་བའི་སྟོན་མོ་བཟང་པོ་དང་། གྲྭ་པ་རེ་ལ་སྨར་དྲུག་དང་ནམ་རེའི་འགྱེད་མཛད། འདིའི་སྨར་ནི་ཞོ་དང་ནམ་ནི་སྐར་མ་ལྟ་བུའི་ཚད་ཀྱི་མིང་ཡིན་པ་འདྲ་སྟེ་དཔྱད། ཡང་འགྲོ་བ་རྣམས་མ་འོངས་པ་ན་སངས་རྒྱས་བྱམས་པ་དང་མཇལ་ནས་བྱང་གྲོལ་གྱི་སྐལ་བ་བཟང་པོ་ཐོབ་པ་སོགས་ཀྱི་ཕན་ཡོན་ཆེན་པོ་མང་དུ་ཡོད་པ་ལ་དགོངས་ནས། རྒྱན་དང་རོལ་མོ་སོགས་ཀྱི་བཀུར་སྡི་ཆེན་པོས་རྒྱལ་བ་བྱམས་པའི་སྐུ་བརྙན་ཕྱིའི་བསྐོར་ལམ་དུ་སྤྱན་དྲངས་ཏེ་གླིང་བསྐོར་མཛད་ཅིང་། ཕྱོགས་བཞིར་བྱམས་པའི་སྐུ་ལ་ཁྲུས་གསོལ་དང་སྨོན་ལམ་གདབ་པ། འབྱུང་པོ་རྣམས་ལ་གཏོར་མ་ཆ་གསུམ་གཏོང་བ། དགེ་མཚན་རྒྱས་པར་མཛད་པའི་ཕྱིར་ཤིས་པ་བརྗོད་པའི་ཚིགས་བཅད་བཀྲ་ཤིས་དོན་གྲུབ་མ་གསུང་བ་བཅས་རྨད་བྱུང་མཛད་པ་བཟང་པོས་སྨོན་ལམ་རྫོགས་པར་མཛད་དོ། །དེ་ལྟ་བུའི་སྨོན་ལམ་བསམ་ལས་འདས་པའི་སྒོ་ནས་བསྟན་པ་དང་སེམས་ཅན་ཀུན་གྱི་གསོས་སུ་འགྱུར་བར་མཛད་དོ། །འདི་ནི་རྗེ་རིན་པོ་ཆེའི་མཛད་ཆེན་བཞིའི་གཅིག་ཡིན་ནོ། །

        དེའི་ཚེ་ཐུགས་དམ་ལ་ཉམས་སྣང་ཤིན་ཏུ་བཟང་པོ་ཞིག་གི་མནལ་ལམ་དུ། ལྷ་སའི་ཉེ་སྐོར་གྱི་ས་གཞི་ལས་སྐྱེ་བོའི་ཚོགས་གྲངས་ལས་འདས་པ་ཐོན་ནས། ཐམས་ཅད་ནམ་མཁའ་ལ་ཡར་ཐལ་བྱུང་དུ་འགྲོ་ཡི་འདུག འདི་ཅི་ཡིན་བྱས་པས། ངེད་རྣམས་ཇོ་བོ་རིན་པོ་ཆེ་ལ་འདི་ལྟར་མཆོད་པས་ཚངས་པའི་འཇིག་རྟེན་དུ་འགྲོ་བ་ཡིན་ཟེར་བ་དེ་འདྲ་བའི་རྨི་ལམ་ཡང་བྱུང་འདུག ཡང་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཇོ་བོའི་ལྷ་ཁང་བཞེངས་ནས་ཇི་ལྟར་བཞེངས་པའི་དཀར་ཆག་དང་མ་འོངས་པ་ན་ཇི་ལྟར་འགྱུར་བ་རྣམས་ཡི་གེར་བཀོད་ནས་གཏེར་དུ་སྦས་པར་མཛད་པ་ལ། ཕྱིས་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན་ནས་ཇོ་བོ་རིན་པོ་ཆེའི་ལོ་རྒྱུས་དྲིས་པར། སུ་གང་གིས་ཀྱང་མི་ཤེས་པར་འདུག་པའི་ཚེ། མཁའ་འགྲོ་མ་ཞིག་གིས། ཀ་བ་ཤིང་ལོ་ཅན་གྱི་དྲུང་དུ་གཏེར་དུ་སྦས་པའི་ཡི་གེ་ཡོད་པར་ལུང་བསྟན། ཨ་ཏི་ཤས་གཏེར་བཏོན་ནས་ཤོག་དྲིལ་ལ་བྲིས་པའི་ཡི་གེ་གསུམ་བླངས་སོ། །

        དེ་ལ་རྒྱལ་བོ་རང་གི་བཀའ་ཆེམས་དེའི་ནང་ནས་བསྟན་པ་ལ་བྱ་བ་མཛད་པ་དང་། ཇོ་བོ་རིན་པོ་ཆེ་ལ་མཆོད་པ་མཛད་པའི་སྐྱེས་བུ་དམ་པ་འདི་འདྲ་བ་འབྱུང་བར་འགྱུར་ཞེས་པའི་ལུང་བསྟན་མང་དུ་ཡོད་པ་ལ། ཁོང་རང་ལ་བརྒྱུད་པའི་རྒྱལ་པོ་འབྱོན་ལུགས་དང་། ལོ་ཆེན་རིན་བཟང་འབྱོན་པར་ལུང་བསྟན་པའི་རྗེས་ནས་རྔོག་ལོ་ཆེན་པོ་ལུང་བསྟན། དེ་ནས་དེའི་ལེགས་བཤད་ཉམས་ཏེ། ཅི་ཡང་ཡིད་ལ་མི་བྱེད་པ་ལམ་གྱི་མཆོག་ཡིན་ཟེར་ནས་ཀུན་རྫོབ་ཁྱད་དུ་གསོད་པའི་ལྟ་ངན་དར་བར་འགྱུར་བར་ལུང་བསྟན། བར་སྐབས་སུ། དྭགས་པོ་ལྷ་རྗེ་ཁུ་དབོན་གྱིས་ལྷ་ས་ལ་ཞིག་གསོས་དང་ཞབས་ཏོག་ཕུན་ཚོགས་མཛད་པར་ལུང་བསྟན། དེ་ནས་དུས་ཕྱི་མོ་ནས། རིགས་པ་ལ་མཁས་པས་གོང་གི་ལྟ་ངན་དེ་ལྟ་བུ་ཅུང་ཟད་ཉམས་པར་བྱེད་པར་ལུང་བསྟན་ཅིང་། དགེ་སློང་བྱང་སེམས་རྡོ་རྗེ་འཛིན་པ་ཞིག་ཇོ་བོའི་ཞལ་བསྒྱུར་ཞིང་མཆོད་པ་ཕུལ་དུ་བྱུང་བ་མཛད་པར་ལུང་བསྟན་པ་ནི་རྗེ་བླ་མ་འདི་ཉིད་ཡིན་ནོ་ཞེས་ཟེར་ཏེ།

        ཇི་སྐད་དུ། བཀའ་ཆེམས་ལས། དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པ། །དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པ། །གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་བསྟེན་སྐྱེས་ཆེན་དམ་པ་ནི། །ཞལ་ཡང་བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད། །དེ་ལ་བསྙེན་བཀུར་ཆེར་བྱེད་དེ་དག་ནི། །འཕགས་པའི་གང་ཟག་དགེ་སྦྱོང་ཤ་སྟག་གོ །ཞེས་འབྱུང་བའོ། །

        དེ་ཡང་ཤར་ཕྱོགས་ནི་ལྷ་ས་ནས་ཤར་ཕྱོགས་ཙོང་ཁའི་ཡུལ་ལོ། །སྙིང་པོའི་མཐའ་བརྟེན་ནི་རྗེ་རིན་པོ་ཆེའི་སྐུ་ན་ཕྲ་བའི་དུས་ཀྱི་མཚན་ཀུན་དགའ་སྙིང་པོ་ཞེས་པ་དང་། དགའ་ལྡན་དུ་འཁྲུངས་པའི་མཚན་འཇམ་དཔལ་སྙིང་པོ་ཞེས་པ་ཡིན་པས་དེ་བསྟན་པའོ། །ཞལ་ཡང་བསྒྱུར་ཞེས་པ་ནི་ཇོ་བོ་རིན་པོ་ཆེའི་ཞལ་སྔོན་དབུ་རྒྱན་དང་མི་ལྡན་པ་ལས་དབུ་ལ་གསེར་གྱི་དབུ་རྒྱན་ཕུལ་བ་དེ་བསྟན། བསྙེན་བཀུར་ཆེར་མཛད་པ་ནི་སྨོན་ལམ་ཆེན་མོ་བཙུགས་པ་འདི་བསྟན། འཕགས་པའི་གང་ཟག་ཅེས་པ་ནི་རྗེའི་སློབ་མ་འཕགས་པ་ཤིན་ཏུ་མང་པོ་འབྱུང་བར་བསྟན་ནོ། །རྗེ་རིན་པོ་ཆེས་སྨོན་ལམ་དེ་ལྟ་བུ་མཛད་པ་ལས། ད་ལྟའི་བར་ལ་གཅིག་གཉིས་ཙམ་མ་གཏོགས་ཆད་མེད་དུ་དར་བཞིན་པ་ཡིན་ནོ། །   

                                                                                                                                         རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

       

བརྒྱུད་འགོད།