རྗེའི་རྣམ་ཐར་ཆེན་མོ་ལས་ཆོ་འཕྲུལ་སྨོན་ལམ་བཙུགས་པའི་སྐབས་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-12 11:14:26     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ལྟར་བཤམས་དགོས་རྣམས་ཚར་ནས་ཟླ་བ་བཅུ་གཉིས་པའི་གནམ་གང་གི་ཉིན་དགེ་འདུན་སྟོང་ཕྲག་བརྒྱད་ལྷག་ཚོགས་ནས། ཇོ་བོ་ཤཱཀྱའི་རྒྱལ་པོས་གཙོ་བྱས་ཕྱོགས་བཅུའི་སྐྱབས་གནས་མཆོག་གསུམ་ཀུན་ལ་མཆོད་བསྟོད་དང་། ཆོ་འཕྲུལ་དུས་ཆེན་གྱི་མཆོད་པ་སྨོན་ལམ་གྱི་སྙན་གསན་གྱི་གསོལ་འདེབས་མཛད། འདུས་ཚོགས་དེ་ལ་རྗེ་རིན་པོ་ཆེ་དཔོན་སློབ་རྣམས་ཀྱིས་སྦྱིན་བདག་མཛད་ནས་མི་རེ་ལ་ལྷ་སའི་སྲང་གིས་མར་ཉག་བཞི་དང་། ཇ་དཀར་ཞེས་པའི་ཇ་བཟང་པོ་ཞོ་དྲུག་ཅུ་ལྷག་གིས་མང་ཇ་ཕུལ། སྤྱིར་ཚོང་རའི་མར་གྱི་ཉག་རེ་ལ་རྒྱ་ནག་གི་སྲང་བཞིའི་ཚད་ཡིན་པས་གྲྭ་བ་རེ་ལ་མར་སྲང་བཅུ་དྲུག་རེ་ཕུལ་བ་ཡིན་འདུག དགུང་ལོ་ང་གསུམ་བཞེས་པའི་ས་གླང་ལོའི་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཆོ་འཕྲུལ་དུས་ཆེན་གྱི་མཆོད་པ་དངོས་མཛད་པ་ཡིན་ནོ། །

        དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱི་ཡོན་ཏན་ལ་ཤེས་ནས་དད་པ་བསྐྱེད་པའི་ཆེད་དུ་སྔ་དྲོའི་ཚོགས་ལ་འདུས་སྡེ་ཡོན་བདག་དང་བཅས་པ་ལ། སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་བ་ལས་ཐུན་རེ་གསུང་བར་མཛད། ལུང་གི་རྗེས་ཀྱི་ཚོགས་ལ། རྗེ་རང་ཉིད་ཇོ་བོའི་ཕྱོགས་སུ་ཞལ་གཟིགས་ཏེ་བཞུགས་ནས་དགེ་འདུན་ཁྲི་ཕྲག་ཙམ་གྱི་ཚོགས་དང་བཅས་བཤམས་པའི་མཆོད་པ་རྣམས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ། མདོ་རྒྱུད་ནས་གསུངས་པའི་ཆོ་ག་རྣམ་དག་གིས་ལེགས་པར་མཆོད། བསྟན་པ་རྒྱས་པ་དང་སེམས་ཅན་ཐམས་ཅད་ལ་ཕན་བདེ་འབྱུང་བའི་ཆེད་དུ་བསྔོ་སྨོན་རྣམ་པར་དག་པ་ཉིན་རེ་བཞིན་མཛད་དོ། །འདི་དག་ལ་ཚོགས་འདོན་མཛད་ཚུལ་རགས་ཙམ་ཞིག་བསྡེབས་པ་གསུང་འབུམ་ཐོར་བུར་བཞུགས་ཡོད་དོ། །

        ཡང་ཚེས་གཅིག་གི་ཉིན་ཇོ་བོ་རིན་པོ་ཆེ་ལ་སྔར་བཤམས་པའི་གསེར་གྱི་དབུ་རྒྱན་དང་། ཞལ་གསེར་གསོལ། མདུན་དུ་དངུལ་གྱི་ལྷུང་བཟེད། མཎྜལ། གྱེ་རེ་ཞེས་པའི་རི་གཏེར་ནས་བླངས་པའི་དངུལ་དམ་རྟ་མགོ་མ་སོགས་ཕུལ། ཇོ་བོ་མི་བསྐྱོད་པ་དང་། བཅུ་གཅིག་ཞལ་གཉིས་ལ་ཞལ་གསེར་དང་དངུལ་གྱི་དབུ་རྒྱན་ཕུལ། དེ་ལྟར་ལྷ་འདི་གསུམ་ལ་ཉན་གཞན་ལ་ཞལ་གསེར་དང་། ཚེས་བརྒྱད་དང་བཅོ་ལྔ་གཉིས་ལ་སྐུ་ཡོངས་རྫོགས་ལ་གསེར་ཆབ་ཕུལ། ནུབ་རེ་བཞིན་ཕྱོགས་སྐྱོང་གི་བ་དན་རྣམས་ཀྱི་རྩ་བར་མཆོད་གཏོར་བཤམས་ནས་བསྟན་འགྲོའི་དོན་གྱི་འཕྲིན་བཅོལ་མཛད།

        དེ་ལྟར་ཉིན་རེ་བཞིན་སྨོན་ལམ་གྱི་ཚོགས་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་འདྲེན་པར་མཛད་པ་ན། ཤར་ཕྱོགས་ཀྱི་སངས་རྒྱས་བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་རྣམ་སྣང་དཀར་པོའི་རྣམ་པ་ཅན་དང་། དེ་བཞིན་དུ་ལྷོ་ནུབ་བྱང་ཕྱོགས་པ་རྣམས་སེར་དམར་ལྗང་ཁུ་སྟེང་ཕྱོགས་པ་རྣམས་མི་བསྐྱོད་པ་སྔོན་པོའི་རྣམ་པར་བྱོན་ནས་ལྷའི་ཚོགས་ཀྱིས་གུར་ཕུབ་པ་ལྟར་བཞུགས་ནས་མཆོད་པའི་ཚོགས་བདག་གིར་མཛད་པ་རྣམས་རྗེ་རིན་པོ་ཆེས་དངོས་སུ་གཟིགས། དེ་ལ་རྗེས་མཆོད་ཡུལ་དང་མཆོད་པ་སོགས་ཐམས་ཅད་ལ་བདེ་སྟོང་གིས་རྒྱས་བཏབ་ནས་ཕུལ་བས་དེ་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་རྣམ་རོལ་ཏུ་འཆར་བ་བྱུང་གསུང་། ཡང་ལྟུང་བཤགས་འདོན་པའི་ཚེ་འོད་ཟེར་དཔག་མེད་འཕྲོས་པའི་སངས་རྒྱས་སོ་ལྔ་ནམ་མཁའི་ཁམས་གང་བ་དང་། སྨན་བླ་བདེ་གཤེགས་བདུན། མགོན་པོ་བྱམས་པ། ཚེ་དཔག་མེད། སྒྲོལ་མ། གདུགས་དཀར། ལྷ་མོ་དབྱངས་ཅན་མ་རྣམས་རྒྱུན་དུ་གཟིགས། དེ་དུས་ལྷོ་བྲག་ནམ་མཁའ་རྒྱལ་མཚན་པའི་གཟིགས་སྣང་ལ་རྗེ་རིན་པོ་ཆེའི་དབུའི་སྟེང་དུ་རིགས་གསུམ་མགོན་པོ་བཞུགས་པ་དང་། དཀར་ཕྱོགས་སྐྱོང་བའི་ཆོས་སྐྱོང་ཕལ་ཆེར་འཚོགས་པ་གཟིགས།

        ཡང་རྟོགས་ལྡན་ཀུ་ཅོར་བས་ལྷ་སའི་ཉེ་འདབས་ཞིག་ཏུ་མཚམས་ལ་བཞུགས་པ་ལས་མཚམས་གྲོལ་ནས་ལྷ་སར་ཕྱིན་པའི་ལམ་དུ་གླང་ཆེན་གདོང་ཞེས་པའི་ས་ཆར་རྒྱ་གར་གྱི་གྲུབ་ཆེན་དཔལ་ལྡན་ཤ་བ་རི་ལྷ་སར་ཕེབས་པ་དང་མཇལ་ཞིང་། གྲུབ་ཆེན་བརྒྱད་བཅུ་སྨོན་ལམ་ལ་ཕེབས་བཞུགས་པ་དང་། མཚན་གུང་ལ་གྲུབ་ཆེན་བརྒྱད་བཅུས་ཇོ་བོ་ལ་བསྐོར་བ་མཛད་ཅིང་སྨོན་ལམ་འདེབས་པ་དང་། ལྷ་ཀླུ་མང་པོས་བསྐོར་བ་བྱས་པ་མཐོང་། ལྷ་དབང་བརྒྱ་བྱིན་དངོས་སུ་འོངས་ནས་དྲི་བཟང་གི་སྤོས་ཕུལ། རྣམ་ཐོས་སྲས་ཁྱིམ་བདག་གི་རྣམ་པར་སྤྲུལ་ནས་འདུས་ཚོགས་ལ་མང་ཇ་ཕུལ། དེ་ལྟར་བོད་ཡུལ་གྱི་རབ་བྱུང་ཕལ་ཆེར་གཅིག་ཏུ་འཚོགས་ནས་བསྟན་པའི་བདག་པོ་བཅོམ་ལྡན་འདས་དང་དབྱེར་མ་མཆིས་པའི་ཇོ་བོ་རིན་པོ་ཆེའི་མདུན་དུ་རྒྱ་མཚོ་ལྟ་བུའི་སྨོན་ལམ་ཆེན་པོ་མཛད་ནས། བཅུ་དྲུག་གི་ཉིན་པར་འདུས་ཚོགས་མང་པོ་གྲོལ་བ་ཡིན་ཀྱང་། མར་མེ་ཞལ་ཟས་སོགས་ཀྱི་མཆོད་པ་རྣམས་ནི་གནམ་གང་གི་བར་དུ་ཕུལ། སྡོམ་བརྩོན་སྡེ་སྣོད་འཛིན་པའི་འདུ་ལོང་དེ་ལས་ཆེ་བ་སྔར་གངས་ཅན་དུ་མ་བྱུང་བར་ངེས་ཞེས་གྲགས་སོ། །

        འདིར་རྣམ་ཐར་ཆེན་མོ་ལས། དེའི་ཚེ་ལྷ་མཆོད་མི་མཆོད་རྣམས་ཀྱི་མཐིལ་ལེན། ཕྱོགས་ཕྱོགས་ནས་འདུས་པའི་བླ་མ་དགེ་བའི་བཤེས་གཉེན། མི་དཔོན་སོ་སོ། རང་འབུལ་སྐྱེལ་བ་ལ་བྱོན་པ་སོ་སོ། བཟོ་རིགས་པ་སོ་སོ་ལ་སོགས་པ་ཐམས་ཅད་ཀྱི་སྣེ་ལེན། ཆས་ཁ་སོགས་ཀྱི་མཐིལ་ལེན། དཔོན་ནམ་མཁའ་བཟང་པོ་ཁུ་དབོན་གྱིས་ཐུགས་དད་པ་དང་གཏོང་བ་རྒྱ་ཆེན་པོས་གུས་པར་བསྒྲུབས་ཤིང་། བདག་པོ་ཆེན་པོ་མི་དབང་གྲགས་པ་རྒྱལ་མཚན་པས་ཀྱང་མཆོད་པ་རྣམས་ཀྱི་མཐིལ་ལེན་གྱི་ཐུགས་ཁུར་ཆེར་བཞེས་པ་དང་། གཞན་ཡང་འབྲི་ཁུང་སོགས་ཀྱི་དད་འབུལ་དང་། སྙེན་བཀུར་མངས་པས། ཞག་བཅུ་དྲུག་པོའི་རིང་ལ། དགེ་འདུན་ཁྲི་རྭ་ཅན་ཙམ་རེའི་ཚ་དྲོ། ཚ་ཇ་དྲོ་ཇ་དང་བཅས་པ་འཆག་མེད་དུ་བྱུང་ཞིང་། ཚ་དྲོ་ལ་དགེ་འདུན་ཚོགས་པའི་ཚེ་བསོད་ནམས་ཆེ་བ་ལ་དགོངས་ནས། གྲལ་དུ་ཚ་དྲོ་མི་བཞེས་པར་བསྐོར་བ་མཛད་པའི་དགེ་འདུན་ཡང་སྟོང་ལྷག་ཙམ་རེ་ཡོད་པར་ངེས་སོ། །

        དེ་ལས་ཀྱང་སྐྱེ་བོ་མི་ནག་པའི་ཚོགས་འདུས་པ་ནི་ཤིན་ཏུ་མང་སྟེ་ཁྲི་ཕྲག་བགྲང་བ་ཡོད་པར་མངོན་ལ། ཐུགས་རྗེའི་ཤུགས་ཀྱིས། དེ་ཙམ་དུ་ཚོགས་པའི་སྐྱེ་བོ་ཐམས་ཅད་ཀྱང་། ཕན་ཚུན་ཚིག་རྩུབ་མོས་འཐབ་མོ་མངོན་ཚན་ཅན་བྱེད་པ་ནི་གཅིག་ཀྱང་མ་མཐོང་ཞིང་། སྐོར་བ་གཞན་གྱི་སྐབས་ལྟར་གླུ་གཞས་དང་རྐང་བྲོ་དང་ཆང་འཐུང་བ་ལ་སོགས་པ་བག་མེད་དག་ཀྱང་ལྷུར་མི་བྱེད་ཀྱི། གཞན་དུ་ན། ཐམས་ཅད་རང་བཞིན་གྱིས་རྒྱུད་འཇམ་པ་དང་། དད་པ་དང་དགེ་བ་ལ་སྤྲོ་བ་སོགས་ཀྱི་གཞན་དབང་དུ་གྱུར་པས་ཉིན་མཚན་ཁོར་ཡུག་ཏུ། ཆོས་ཉན་པ་དང་། ཕྱག་དང་། བསྐོར་བ་དང་། སྨོན་ལམ་འདེབས་པ་དང་། གཟུངས་ཁ་ཏོན་དུ་བྱེད་པ་སོགས་འབའ་ཞིག་གིས་དུས་འདའ་བར་གྱུར་ཅིང་། དེ་ཡང་མཚན་ཕྱེད་ལ་བབ་པའི་དུས་རང་ན། ཕྱི་བསྐོར་བྱེད་པ་ཉིན་མོ་ལས་ཅུང་ཟད་ཉུང་བར་མངོན་པ་ཙམ་མ་གཏོགས་པ། བསྐོར་བ་བྱེད་པ་བར་ཆད་པ་ནི་ཅུང་ཟད་ཀྱང་མ་བྱུང་ངོ་། །

        དེའི་ཚེ་ཉམས་སྣང་བཟང་པོ་རང་ཡོད་པའི་ཐུགས་དམ་པ་ཞིག་གི་མནལ་ལམ་དུ། བུད་མེད་ཆེན་མོ་ཞིག་གིས། ལག་པ་གཉིས་ཀྱིས་གཙུག་ལག་ཁང་ལ་འཁྱུད་འདུག ཅི་བྱེད་བྱས་པས། མེའི་གནོད་པ་བསྲུང་བ་ཡིན་ཟེར་བ་ཞིག་རྨིས་འདུག དེའི་ཕྱི་དེ་ནུབ། ཀོང་བུ་ཆེན་མོའི་མར་ཕལ་ཆེ་བ་རྫོགས། མར་གསར་པ་མ་བླུགས་པའི་མཚམས་ཤིག་ཏུ། རྐོང་བུའི་ནང་གི་རས་རྡག་རྡོག་རྣམས་དང་མར་ལྷག་མ་དང་བཅས་པ་ཐམས་ཅད་ལ་མེ་འབར་ནས་ཤིན་ཏུ་ཆེ་བའི་མེའི་ཕུང་བོར་གྱུར་ཏེ། སྐྱེ་བོ་ཐམས་ཅད་འཇིགས་སྐྲག་ཏུ་གྱུར་པ་ལ། རྗེའི་ཞལ་སྔ་ནས་དེ་མ་ཁད་གཟིམས་ཁང་དུ་བྱོན་སོང་ནས་ཐུགས་དམ་ལ་བཞུགས་པས། རླུང་གཅིག་ཀྱང་མེད་ཅིང་ཐབས་རྣམས་ཀྱིས་ཀྱང་བཟློག་ཤིན་ཏུ་སླ་བར་བྱུང་ནས་དེ་མ་ཁད་ཞི་ཞིང་གནོད་པ་ཅུང་ཟད་ཀྱང་མ་བྱུང་ངོ་། ། 

                                                           རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།