རྗེའི་རྣམ་ཐར་ཆེན་མོ་ལས་ཆོ་འཕྲུལ་སྨོན་ལམ་བཙུགས་པའི་སྐབས་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-12 10:57:26     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        མཐའ་བྲལ་ལྟ་བས་ཆོས་ཀུན་སྟོང་པར་གཟིགས། །ཡང་དག་རིགས་པས་རྒོལ་ངན་དྲེགས་པ་འཇོམས། །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་བརྩེ། །བསྟན་འགྲོའི་གཉེན་གཅིག་ཁྱེད་ལ་ཕྱག་འཚལ་ལོ། །དྲུག་པ་བསྟན་འགྲོའི་དོན་དུ་དགོན་སྡེ་ཆགས་འདེབས་མཛད་པ་སོགས་ཀྱི་རིམ་པ་བརྗོད་པར་བྱའོ། །དེ་ཡང་གོང་དུ་བརྗོད་པ་ལྟར་རྗེ་རིན་པོ་ཆེ་དགུང་ལོ་ང་གཉིས་པའི་ས་བྱི་བའི་ལོའི་དབྱར་སེ་ར་ཆོས་སྡིང་དུ་དབྱར་གནས་མཛད་པའི་སྐབས་སུ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལྷ་སའི་ཇོ་བོའི་ལྷ་ཁང་རྟེན་དང་བཅས་པ་གསར་དུ་གསོས་ནས་ཆོ་འཕྲུལ་དུས་མཆོད་མཛད་ན་བསྟན་འགྲོ་ལ་ཕན་ཐོགས་ཆེན་པོ་འབྱུང་ཞེས་ལུང་བསྟན་ཞིང་། རྗེ་རང་ཉིད་ཀྱང་ལྷ་སའི་ཇོ་བོ་ཤཱཀྱའི་རྒྱལ་པོ་སོགས་ཀྱི་རྟེན་རྣམས་ནི་སངས་རྒྱས་དངོས་དང་ཁྱད་པར་མེད་པའི་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་པས། རྟེན་འདི་རྣམས་ལ་མཆོད་ན་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། རིགས་དྲུག་གི་སེམས་ཅན་ཐམས་ཅད་སྤྱི་དང་། ཁྱད་པར་དུ་རྗེའི་བསྟན་པའི་རྗེས་སུ་འབྲང་བ་ཀུན་ལ་འདི་ཕྱི་ཀུན་ཏུ་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བ་སོགས་ཀྱི་རྒྱུ་མཚན་རྣམས་ལ་དགོངས་ནས། ལྷ་ས་སྨོན་ལམ་ཆེན་མོ་ཞེས་གྲགས་པ་འདི་འཛུགས་པའི་ཆེད་དུ་ཐུགས་ཀྱི་འདུན་པ་བཏང་ངོ་། །

        དེ་ཡང་ལྷ་སའི་ཇོ་བོ་ཆེ་བའི་བཞུགས་གནས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། ཇོ་བོ་ཆུང་བའི་བཞུགས་གནས་ར་མོ་ཆེའི་གཙུག་ལག་ཁང་བཅས་འདི་གཉིས་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་བཞེངས་པ་ཡིན་ལ། ཇོ་བོ་རྣམ་གཉིས་ནི་རྒྱ་གར་ནས་བྱོན་པ་ཡིན་ཞིང་། རྟེན་གཞན་རྣམས་ཀྱང་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །སྔོན་དུས་དེ་དག་གི་མཆོད་པ་དང་བསྙེན་བཀུར་དཔག་ཏུ་མེད་པ་ཡོད་ཀྱང་། རིམ་གྱིས་འགྲོ་བ་རྣམས་ཀྱི་དད་པ་དང་བསོད་ནམས་ཉམས་པའི་དབང་གིས་ལྷ་ཁང་རྣམས་རྙིངས་ཤིང་ཞིག་པ་དང་། ལྷ་ཁང་ལ་ལར་སློང་མོ་བ་རྣམས་བསྡད་ནས་མེ་བུས་པ་དང་། རྟེན་གྱི་སྟེང་དུ་ཟན་ཁུག་དང་གོས་ཧྲུལ་བཞག་པ་སོགས་བྱུང་འདུག དེ་དུས་རྗེ་རིན་པོ་ཆེས་ཞབས་ཕྱི་མངགས་ནས་ཆུ་ཀླུང་གི་འགྲམ་དུ་བཟའ་བཏུང་གྱ་ནོམ་པ་བཤམས། སློང་མོ་བ་རྣམས་དེར་བོས་ནས་བཟའ་བཏུང་བྱིན། ལྷ་ཁང་དུ་བཞག་པའི་ཡོ་བྱད་རྣམས་ཕྱིར་བཏོན་ཏེ་སྒོ་ལྕགས་ཀྱིས་བསྡམས་ནས་དེར་འདུག་ཏུ་མ་གཞུག

        དེ་ནས་སྣེའུའི་དཔོན་ནམ་མཁའ་བཟང་པོ་ལ་ཞལ་ཏ་བྱོན་པས་ཁོང་གིས་དད་གུས་ཀྱིས་ལྷ་སའི་དཀྱིལ་འཁོར་སྟེང་དང་། སེང་གཡབས་སོགས་ཀྱི་ཞིག་གསོས་རྣམས་ལེགས་པར་མཛད། སྨོན་ལམ་གྱི་མཆོད་པ་ལ་མཁོ་བའི་ཡོ་བྱད་རྣམས་ཀྱང་སྟ་གོན་མཛད་དོ། ། དགག་དབྱེ་གྲོལ་བའི་རྗེས་སུ་མི་དབང་གྲགས་རྒྱན་གྱིས་ཞུས་པས། རྗེ་རིན་པོ་ཆེ་སྐྱེ་སྨད་གྲུམ་པོ་ལུང་དུ་ཕེབས། རྗེའི་ཞབས་ཕྱིར་བྱོན་པའི་བཤེས་གཉེན་ལྔ་བརྒྱ་ཙམ་ལ་མི་དབང་གིས་ཞབས་ཏོག་ལེགས་པར་མཛད། གཞན་ཡང་རམ་པའི་ཆོས་ཉན་པའི་ཆེད་དུ་འདུས་པ་དང་བཅས་དགེ་འདུན་སྟོང་ལོངས་པ་ཙམ་གྱིས་དགུན་དེར་བཞུགས། ལམ་རིམ་དང་། བདེ་མཆོག་ལཱུ་ཨི་བའི་སྒྲུབ་ཐབས། མ་རྒྱུད་ཀྱི་རྫོགས་རིམ་སོགས་རྒྱས་པར་གསུངས། ཡང་སྐབས་འདིར་འབྲི་ཁུང་དང་རྭ་སྒྲེང་ཚུན་ཆད། བོལ་ཁ་ཡན་ཆད་ཀྱི་འདུས་སྡེ་དང་། ཡོན་བདག་དང་ལྡན་རྣམས་ལ་ཕྱོགས་ཕྱོགས་སུ་དད་འབུལ་གྱི་ཞལ་ཏ་མཛད་པ་དང་། ཐུགས་རྩོལ་ཆེ་བར་མཛད། །མི་དབང་གྲགས་རྒྱན་པ་ལའང་ཞལ་ཏ་ཞིབ་པར་བྱོན།

        དེ་ལྟར་མཛད་པས་རྗེའི་ཐུགས་རྗེ་དང་བསོད་ནམས་ཀྱི་སྟོབས་ཀྱིས་མདོ་ཁམས་དབུས་སོགས་ཀྱི་དད་ལྡན་རྣམས་ཀྱི་འབུལ་བ་མཐའ་ཡས་པ་བྱུང་། དཔོན་སློབ་རང་ལའང་སྨོན་ལམ་གྱི་ཐུགས་འདུན་མཛད་ཕྱིན་ཆད་ཕྱག་ཏུ་ཡོ་བྱད་ཅི་བྱུང་ཕལ་ཆེར་སྨོན་ལམ་གྱི་ཕྱོགས་སུ་བསྔོས་ཏེ་བཞག གྲུམ་པོ་ལུང་ནས་ཕྱག་མི་འདེགས་སའི་གོང་དུ་ལྷ་སར་སློབ་མ་རྣམས་བཏང་ནས་ལྷ་བཟོ་བ་མང་དུ་བསགས། ཚོན་རྩི་དང་གསེར་ཤོག་སོགས་ཀྱང་མཐའ་ཡས་པ་བྱུང་བས། ལྷ་ཁང་གི་ལྡེབ་རིས་དང་། བྲིས་སྐུ། འབུར་སྐུ་སོགས་གོག་པ་ཐམས་ཅད་དང་། ལྷ་སྐུ་འགའ་ཞིག་གི་མདོག་ཀྱང་ངེས་དཀའ་བར་གྱུར་པ་རྣམས་ལ་དྲི་བཟང་གི་ཆུ་སོགས་ཀྱིས་བཀྲུས། སྐྱོན་དུ་མི་འགྱུར་བའི་རྫས་ཀྱིས་ཕྱིས་ནས་དག་པར་བྱས། ཚོན་བཟང་རྣམས་ཀྱིས་ལེགས་པར་གསོས། གསེར་ཤོག་དང་གསེར་དུལ་མ་སོགས་ཀྱིས་ལེགས་པར་སྤྲས་ཏེ་གསར་དུ་བཞེངས་པ་ལྟར་མཛད།

        ཡང་བཟོ་རིག་པ་མང་དུ་བསགས་ནས་དད་འབུལ་གྱི་གོས་དར་རྣམས་ཀྱིས་སྐུ་གཟུགས་ཀྱི་ན་བཟའ་དང་། བ་དན། རྒྱལ་མཚན། གདུགས་སོགས་ལྷ་ཁང་གི་ཕྱི་ནང་དུ་བརྒྱན་པའི་རྒྱན་གྱི་རིགས་དང་། མཆོད་པའི་རིགས། ཇོ་བོ་ལ་འབུལ་རྒྱུ་གསེར་བཟང་པོས་བྱས་པའི་དབུ་རྒྱན་ལྔའི་དབུས་སུ་རིགས་ལྔའི་སྐུ་འབུར་དུ་དོད་པ་དང་། མཐར་རིན་པོ་ཆེ་ནལ་དང་། མུ་ཏིག གཡུ་སོགས་ཀྱི་ཕྲ་བཀོད་པས་མཛེས་པར་བྱས་པ་དར་དཔྱངས་བཅས་དང་། །ཚེ་ཚད་དུ་ལོངས་པའི་དངུལ་གྱི་ལྷུང་བཟེད། དེའི་ཁལ་འཚམ་པའི་དངུལ་གྱི་མཎྜལ། ཇོ་བོ་མི་བསྐྱོད་པ་དང་བཅུ་གཅིག་ཞལ་ལ་འབུལ་རྒྱུ་དངུལ་བཟང་པོ་ལས་བྱས་པའི་དབུ་རྒྱན་རྣམ་གཉིས། ཇོ་བོ་གཉིས་དང་ཐུགས་རྗེ་ཆེན་པོ་ལ་གསོལ་རྒྱུའི་གསེར་ཆབ་སོགས་གང་དགོས་རྣམས་ལྟ་གོན་མཛད་དོ། ། 

                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།