རྗེའི་རྣམ་ཐར་ཆེན་མོ་ལས་རྒྱུན་གྱི་ཐུགས་དམ་མཛད་ཚུལ་གྱི་རིམ་པ་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-06 13:21:41     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        གཞན་ཡང་ཞག་གཅིག་ལ་ཧྲཱྀ༔ཥྟྲི༔ཁྲི་ཚོ། བདེ་མཆོག་གི་ཧྲཱྀ༔ཧ་ཧ་ཞེས་པའི་ཡི་གེ་བདུན་པ་སུམ་སྟོང་། ཨ་ར་པ་ཙ་ན་བདུན་སྟོང་། སྐུ་མཚམས་ཀྱི་ནང་ནས་ཀྱང་མདོ་སྔགས་ཀྱི་ཆོས་ཐུན་གཉིས་གསུམ་རེ་གསུང་བ་རྣམས་ཀུན་ལ་མཐུན་པར་སྣང་བ་ཡིན། ཆོས་གསུང་བཞིན་དུ་གཏོར་མ་འབུལ་བ་དང་། ལྷ་བསྒོམ་པ་དང་། རྫོགས་རིམ་གྱི་ཏིང་ངེ་འཛིན་ལས་མི་གཡོ་བ་སོགས་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་ཀྱང་མཐའ་ཡས་པ་ཡོད་པར་གསུང་། འདི་དག་ནི་རྣམ་ཐར་ཟུར་འདེབས་སུ་གསལ་བ་ལྟར་ཡིན་ལ། ལམ་རིམ་བསྡུས་དོན་ལས་མདོ་སྔགས་ཡོངས་སུ་རྫོགས་པའི་ལམ་ཐམས་ཅད་གཅིག་ཏུ་དྲིལ་ནས་ཉམས་བཞེས་སུ་མཛད་པ་ནི། ཡོངས་རྫོགས་མན་ངག་བསྟེན་པ་དེས། དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱེད་འཚལ་ལོ། །ཞེས་གསུངས་ཤིང་།

        རྟོགས་བརྗོད་འདུན་ལེགས་མ་ལས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་གསུངས་ཏེ། མདོར་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་མདོ་རྒྱུད་ནས་གསུངས་པའི་སྤང་བྱ་མཐའ་དག་མ་ལུས་པར་སྤོང་བ་དང་། ཉམས་སུ་བླང་བྱ་མཐའ་དག་མ་ལུས་པར་ཉམས་སུ་ལེན་དགོས་པས་གོང་དུ་བཤད་པ་དེ་ནི་ཐུན་མོང་དུ་སྣང་བའི་ཐུགས་དམ་གྱི་རིམ་པ་ཡིན་ལ། དོན་གྱི་གནས་ཚོད་ལ་ནི་བཤེས་གཉེན་བསྟེན་ཚུལ་ནས་ཟུང་འཇུག་གི་བར་གྱི་ཉམས་སུ་བླང་བྱ་མཐའ་དག་མ་ལུས་པར་ཉམས་སུ་བཞེས་ཤིང་མཐར་ཕྱིན་པར་མཛད་པ་ཡིན་ནོ།།

        འདིར་སྨྲས་པ། དཔལ་ལྡན་གསུང་རབ་ཀུན་ལ་ལྟ་བའི་མིག །དྲི་མེད་རིགས་པའི་འདྲེན་བྱེད་སྟོང་ལྡན་པ། །ཁྱེད་ཀྱི་དངོས་སྟོབས་རིགས་པའི་ལག་ཉལ་གྱིས། །མཐར་འཛིན་རི་བོ་མིང་གི་ལྷག་མར་མཛད། །བཟོད་དཀའ་རིགས་པའི་དྲི་བཞོན་རླུང་ཤུགས་ཀྱིས། །མ་ལུས་ཕྱོགས་ཀྱི་གོ་སྐབས་ལ་གནས་པའི། །ལོག་པའི་གཞུང་ལུགས་སྤྲིན་ཚོགས་ཀུན་བཅོམ་སྟེ། །ཕན་བདེ་སྦྲང་རྩིའི་གཉེན་གཅིག་མཁའ་ལ་མཛེས། །དྲི་མེད་རིགས་པ་རྣོན་པོའི་མཚོན་འཆང་བ། །ཁྱོད་ཀྱིས་རྩུབ་མོའི་སྤྱོད་པ་རྒྱང་བསྲིངས་ཀྱང་། །སྨྲ་བའི་སེང་གེ་ཀུན་གྱི་ང་རྒྱལ་གྱི། །རལ་བ་མ་ལུས་གཅིག་ཆར་ས་ལ་ལྷུང་། །བདེ་གཤེགས་བསྟན་པའི་ས་ཆེན་ཁྱོད་ཀྱི་ནི། །ལེགས་བཤད་དཔུང་པའི་ཀ་བ་ལ་བརྟེན་པ། །ཐེག་མཆོག་འཁོར་ལོས་སྒྱུར་བ་ཁྱོད་ཀྱི་བཀའ། །དཔལ་ལྡན་མཁས་པ་ཀུན་གྱི་མགོ་བོས་འཛིན། །འཇམ་མགོན་བླ་མའི་ལུང་རྟོགས་ཡོན་ཏན་རྣམས། ལེགས་པར་ཤེས་ནས་མི་ཕྱེད་དད་པ་ཡིས། །ཚེ་རབས་ཀུན་ཏུ་འབྲལ་མེད་བསྟེན་བྱེད་ཅིང་། །ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་གྱུར་ཅིག །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ཞེས་བྱ་བ་ལས། དབེན་པར་བྱོན་ནས་ཐུགས་དམ་གཙོ་བོར་མཛད་ཅིང་ཕུལ་དུ་བྱུང་བའི་རྟོགས་པའི་ཡོན་ཏན་བརྙེས་པ་སོགས་ཀྱི་རིམ་པ་བརྗོད་པའི་ལེའུ་སྟེ་ལྔ་པའོ། ། 

                                                                                                           རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།