རྗེའི་རྣམ་ཐར་ཆེན་མོ་ལས་རྒྱུན་གྱི་ཐུགས་དམ་མཛད་ཚུལ་གྱི་རིམ་པ་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-06 12:55:27     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ནང་བློན་གོན་ཏཱ་ཡེན་ལ་གནང་བའི་ཡི་གེ་ནི། བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་གསུམ། །ཐོགས་པ་མེད་པའི་མཐུ་ལྡན་བསྟན་བསྲུངས་ཀྱིས། །དད་སོགས་ཡོན་ཏན་མང་པོའི་རྒྱན་ལྡན་པ། །ཁྱོད་ཀྱི་དགེ་ལེགས་ཡིད་བཞིན་གྲུབ་གྱུར་ཅིག །ས་སྐྱོང་ཆེན་པོའི་བཀའ་ལུང་ཚུལ་བཞིན་དུ་སྒྲུབ་པའི་མི་མཆོག་གོང་ཏཱ་བཞིན་གྱི་ཕྱག་ཏུ་ཕུལ་བ། ཁྱེད་བསྟན་པ་དང་བསྟན་འཛིན་ལ་དད་པ་ཤིན་ཏུ་བརྟན་པ་ཅིག་ཡོད་ཟེར་བ་ཐོས་ཤིང་། འདི་ནས་ཀྱང་ཡི་གེ་བསྐུར་ན་དགོངས་པ་ཡོད་གདའ་བ་ལ་འཕྲིན་ཡིག་དབུལ་བ་ནི་འདི་ལྟར་རོ། །

        དལ་བའི་རྟེན་བཟང་པོ་མིའི་ལུས་ཐོབ་པ་ནི་རྒྱ་མཚོ་ཆེན་པོར་གཡེངས་བའི་གཉའ་ཤིང་གི་བུག་པར་རུས་སྦལ་གྱི་མགྲིན་པ་ཚུད་པ་ལས་ཀྱང་རྙེད་པར་དཀའ། བཤེས་གཉེན་དམ་པས་རྗེས་སུ་བཟུང་ནས་རྒྱལ་བའི་བསྟན་པ་དང་མཇལ་བ་ནི་ཨུ་དུམ་ཝ་རའི་མེ་ཏོག་ལས་ཀྱང་དཀོན། འཇིག་རྟེན་གྱི་ཕུན་ཚོགས་ཀྱི་འབྱོར་པ་ནི་རྨི་ལམ་ཐུན་གཅིག་ཏུ་དཔལ་འབྱོར་ལ་ལོངས་སྤྱོད་པ་དང་འདྲ། འགྲོ་བ་རྣམས་ཀྱི་ལུས་དང་སྲོག་རྒྱུན་དུ་འཇིག་པ་ནི་བར་སྣང་གི་གློག་དང་འདྲ་བ་ཡིན་ཞིང་། འཇིག་རྟེན་འདི་ནས་རང་གཅིག་པུར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ན། ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པའི་ཚུལ་དེ་ཡང་དང་ཡང་དུ་དྲན་པར་མཛོད་ལ། ཉེས་སྤྱོད་མི་དགེ་བ་སྔར་བྱས་ལ་འགྱོད་ཅིང་བཤགས་པ་དང་། ཕྱིན་ཆད་འཇོམ་ཅི་ཐུབ་དང་། དགེ་བའི་རྩ་བ་སྔར་བསགས་པ་རྣམས་སྨོན་ལམ་རླབས་ཆེན་པོས་ཡང་ཡང་ལ་བསྒྱུར་བ་དང་། གསར་དུ་དགེ་བ་གསོག་པ་ལ་སྒོ་དུ་མ་ནས་འབད་པར་ཞུ། ཅེས་པ་འདི་ནི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་གོན་ཏཱ་བཞིན་ལ་གནང་བའོ། །

        ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། གོང་དུ་བཤད་པའི་འདུས་ཚོགས་མང་པོ་ལ། རྩ་ཤེའི་ཊིཀ་ཆེན། དྲང་ངེས་རྣམ་འབྱེད། བཞི་བརྒྱ་པ། སྔགས་རིམ། རྩ་ལྟུང་རྣམ་བཤད། བླ་མ་ལྔ་བཅུ་པ་སོགས་ཞིབ་ཏུ་གསུངས་ཤིང་། ལམ་རིམ་གྱི་ཁྲིད་ཀྱང་གནང་ངོ་། །སྐབས་ཤིག་རྒྱ་མའི་དཔོན་གྱིས་ཡི་གེ་ཕུལ་བའི་ལན་དུ་གནང་བའི་གསུང་ཡིག་ནི། གང་གི་ཐབས་མཁས་མཛད་པས་འགྲོ་བ་ལ། །གནས་སྐབས་ཀུན་ཏུ་བདེ་བའི་མཆོག་སྩོལ་བ། བླ་མེད་སྟོན་པ་དེ་ཡིས་ཁྱེད་ལ་ནི། །ཉིན་མཚན་ཀུན་ཏུ་བདེ་ལེགས་སྦྱིན་གྱུར་ཅིག །ཕུལ་བྱུང་དད་པའི་ཤུགས་ནི་རབ་དྲག་ཅིང་། །རྣམ་དཔྱོད་ཤེས་རབ་ནོར་ཀྱིས་མི་དམན་པ། །ཆོ་རིགས་བཟང་པོའི་བརྟུལ་ཞུགས་འཛིན་པ་ཁྱོད། །ཕྱོགས་འདིར་རྣམ་དཀར་དགོངས་པ་ཡོད་པ་ཁུམས། །དེ་ལྟ་ན་ཡང་འདུ་འཛི་མང་པོ་ཡིས། །གཡེངས་པར་གྱུར་ཚེ་ཁམས་ཀྱིས་མི་ཚུགས་པའི། །ཚུལ་འདིས་དོན་གཉིས་བསྒྲུབ་ལ་མཐུ་མེད་ཅིང་། །ཁྱད་པར་ཉིད་ཀྱི་བཞེད་པ་མི་རྫོགས་པར། །མཐོང་ནས་རེ་ཤིག་ཕྱོགས་དེར་བགྲོད་པ་བཤོལ། དེ་ལ་བློ་གྲོས་ལྡན་ཁྱོད་བཟོད་པ་མཛོད། །དགེ་ལ་བརྩམས་པ་མཐར་ཕྱིན་མ་གྱུར་ཀྱང་། །ཇི་ཙམ་བརྩམས་པ་དེ་ཙམ་གྱིས་ཀྱང་འཚེང་། །སྐོམ་པས་ཆུ་ཀླུང་རྫོགས་པར་མ་འཐུངས་ཀྱང་། །ཆུ་འགའ་འཐུངས་པ་ཡིས་ཀྱང་ངོམས་པར་འགྱུར། །དེ་འདྲའི་དགེ་དེས་ཚེ་རབས་ཀུན་ཏུ་ཁྱོད། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་གྱུར་ཅིག །ཅེས་པ་འདི་རྒྱ་མ་ཁྲི་དཔོན་ཆེན་པོ་རིན་ཆེན་རྒྱལ་མཚན་པས་རྒྱ་མར་འོང་དགོས་ཞེས་ཡང་ཡང་བསྐུལ་བའི་དོན་དུ། མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པས་སྦྱར་བའོ། །ཞེས་པའོ། །

        ཡང་དེ་དག་གི་སྐབས་འགའ་ཞིག་ཏུ། སེ་རའི་རྒྱབ་ཀྱི་རི་རྩེའི་ཕུག་ཆུང་ངུ་མཚམས་མཛད་པ་དང་། སྐབས་འགར་ར་ཁ་བྲག་ཏུ་བྱོན་ནས་སྐུ་མཚམས་མཛད། ཐུན་མཚམས་སུ་སཙྪ་གདབ་པ་དང་། ལྷ་སྐུ་བཞེངས་པ་ཡང་མང་དུ་མཛད། དེ་དག་གི་དུས་སུ་བྱམས་ཆེན་ཆོས་རྗེས་རྒྱུན་དུ་ཞབས་ཕྱིར་འབྲངས་ནས་གསོལ་ཇ་ཞུ་བ་སོགས་ཀྱི་ཞབས་ཏོག་མཛད་ཅིང་། བཀའ་ཆོས་ཀུན་གསན་པ་ཡིན་འདུག སྤྱིར་རྗེ་རིན་པོ་ཆེས་འོལ་ཁའི་ཕྱོགས་དང་། གཉལ་གྱི་ཡུལ། ལྷོ་བྲག ཉང་པོ། འབྲི་ཁུང་། འོ་དེ་གུང་རྒྱལ་སོགས་ཐུགས་དམ་གང་འཕེལ་གྱི་གནས་རྣམས་སུ་བྱོན་ནས་བསྒོམ་སྒྲུབ་ལ་བརྩོན་པར་མཛད་པས་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་བརྙེས་ཤིང་། རང་གཞན་གྱི་དོན་མཐའ་དག་འབད་མེད་དུ་ལྷུན་གྱིས་གྲུབ་པར་གྱུར་ཏོ། །

        དེ་ཡང་རྗེ་འདིས་སོ་ཐར་གྱི་སྡོམ་པ། བྱང་སྡོམ། སྔགས་སྡོམ་རྣམས་རྣམ་པར་དག་པ་བསྲུང་བའི་སྟེང་དུ་རྒྱུན་གྱི་ཐུགས་དམ་གྱི་རིམ་པ་ནི། ནམ་ཕྱེད་ཡོལ་ཙམ་ནས་གསང་འདུས་མི་བསྐྱོད་རྡོ་རྗེའི་བསྐྱེད་རྫོགས་རྒྱས་པར་བསྒོམས་ཞིང་བདག་འཇུག་མཛད། ནམ་ལངས་ནས་ཉི་མ་མ་ཤར་བར་ལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་དང་བདག་འཇུག་མཛད། ཉི་མ་ཤར་བ་ནས་སྔ་དྲོའི་ཇ་བཞེས་པའི་བར་ལ་མདོ་རྒྱུད་གང་རུང་གི་ཤོག་བུ་སུམ་ཅུ་ཙམ་གསུང་བ་དང་། ཚེ་དཔག་མེད་དང་། གྲྭ་ལྔ་སོགས་བྱ་སྤྱོད་ཀྱི་ཡི་དམ་མང་པོའི་གཏོར་མ་དང་། གཏོར་མ་བརྒྱད་རྩ་དང་། གཞི་བདག་གཏོར་མ་རྣམས་གཏོང་བར་མཛད། ཇ་བཞེས་པའི་རྗེས་སུ་བཀའ་རྩོམ་དང་། ཆོས་འཆད་པ་དང་། དགེ་བཤེས་རྣམས་ལ་ཐེ་ཚོམ་གཅོད་པ་རྣམས་མཛད།

        གུང་གི་དུས་སུ་ཟས་ཀྱི་རྣལ་འབྱོར་གྱི་སྒོ་ནས་གསོལ་བ་བཞེས་ཤིང་། ཤེར་སྙིང་ཚར་གསུམ། མདོ་སྡུད་པ་ཚར་གཅིག་སྨོན་ལམ་དང་བཅས་པ་མཛད་པ་ཡིན། དེའི་རྗེས་སུ་སཱཙྪ་བཅུ་རེ། ཚེ་དཔག་མེད། སྨན་བླ། འཇམ་དབྱངས་སྒྲོལ་མ་རྣམས་ཀྱི་སྐུ་པར་བརྒྱབ་ནས་བདུན་བདུན་བཞེངས། བཀའ་འགྱུར་དང་བསྟན་འགྱུར་གང་རུང་ནས་ཅུང་ཟད་རེ་གསུང་སྒྲོག་དང་། ཕྱག་དཔེ་གཟིགས་པ་དང་། བཀའ་རྩོམ་མཛད་པ་ཡིན། གུང་ཡོལ་བ་ནས་སྲོད་ཀྱི་བར་ལ་གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་གྱི་སྦྱིན་སྲེག ཕྱག་རྡོར་འཁོར་ཆེན་གྱི་མངོན་རྟོགས། མགོན་པོ་ཕྱག་དྲུག་པ་དང་ཕྱག་བཞི་པ་གཉིས་ཀྱི་མངོན་རྟོགས་དང་གཏོར་འབུལ། གུར་མགོན་དང་། རྣམ་སྲས། སེང་གདོང་མ། མགོན་པོ་གྲི་གུག ལྷ་མོ་དུར་སོལ་མ་སོགས་ཀྱི་གཏོར་འབུལ་རྒྱས་པ་དང་། སྲོད་ཀྱི་དུས་སུ་བདེ་མཆོག་ལཱུ་ཨི་པའི་རིམ་གཉིས་དང་བདག་འཇུག་མཛད་པ་རྣམས་གོ་རིམ་ངེས་པ་ཡིན། 

                                                              རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།