རྗེའི་རྣམ་ཐར་ཆེན་མོ་ལས་རྒྱ་ནག་རྒྱལ་བོ་ཏ་མིང་ཡུང་ལོས་སྤྱན་དྲངས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-06 12:43:39     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ལྟར་རྗེ་རིན་པོ་ཆེ་དབེན་པར་བཞུགས་ནས་གསེར་ཡིག་པ་རྣམས་མཇལ་དུ་མ་གནང་བ་ལ། རྒྱའི་ཕོ་ཉ་རྣམས་དད་གུས་ཀྱིས་མཆི་མ་བྱུང་ཞིང་། མི་དབང་གྲགས་རྒྱན་དང་། དཔོན་ནམ་མཁའ་བཟང་པོ་ལ་ངོ་ཆེན་བྱ་བར་བཅོལ་ནས་དེ་དག་གིས་ཞུས་པའི་ཚེ་སེ་ར་ཆོས་སྡིངས་སུ་ཕེབས། ཕོ་ཉ་རྣམས་མཇལ། ཏཱ་ཡེན་སོགས་ཀྱིས་རྒྱ་ནག་རྒྱལ་པོ་ཏ་མིང་ཡུང་ལོས་ཕུལ་བའི་ཡི་གེ། ཕྱག་རྟེན་རྣམས་ཕུལ་ནས་རྒྱ་ཡུལ་དུ་བསོད་ནམས་ཀྱི་ཞིང་དང་། འགྲོ་བ་ཐམས་ཅད་ལ་དམ་པའི་ཆོས་ཀྱི་བཀའ་དྲིན་མཛད་པའི་སླད་དུ་རྒྱ་ཡུལ་དུ་སྤྱན་འདྲེན་པའི་གསོལ་བ་ནན་ཆེར་འདེབས་པ་ལ། རྗེ་རིན་པོ་ཆེས་རྒྱ་ནག་ཏུ་འབྱོན་པ་ལ་ས་ཐག་རིང་བས་སྐུ་ལུས་ཀྱིས་མི་ཐེག་པ་སོགས་དགག་བྱ་མང་ཞིང་། དེར་ཕྱིན་ཀྱང་བསྟན་འགྲོ་ལ་ཕན་ཆེར་མི་ཐུབ་པ་སོགས་དགོས་པ་ཆུང་བ་རྒྱུ་མཚན་དང་བཅས་ཞིབ་ཏུ་གསུངས་ནས་རྒྱ་ནག་ཏུ་མ་ཕེབས་པར། ཏ་མིང་རྒྱལ་པོ་ལ་ཕུལ་བའི་ཡི་གེ་རྟེན་དང་བཅས་པ་སྤྲད་པས། ཕོ་ཉ་རྣམས་ཟླ་བ་དྲུག་པའི་ཚེས་བཅུ་དགུ་ལ་ལོག་སོང་།

        རྗེ་དེ་ལྟར་མ་ཕེབས་པ་ནི་རྒྱ་ནག་ཏུ་བྱོན་ཀྱང་ཕན་ཐོགས་མི་ཆེ་ཞིང་། བོད་དུ་བཞུགས་ན་བསྟན་པ་ཡུན་རིང་དུ་དར་ཞིང་རྒྱས་ནས་བོད་སོག་རྒྱ་ནག་སོགས་ཀུན་ལ་ཕན་ཐོགས་ཆེན་པོ་འབྱུང་བ་འདི་གཟིགས་པ་ཡིན་ནོ། །དེའི་ཚེ་ཏ་མིང་རྒྱལ་པོ་ལ་ཕུལ་བའི་ཡི་གེ་ནི། ཨོཾ་བདེ་ལེགས་སུ་གྱུར་ཅིག རླབས་པོ་ཆེའི་བསོད་ནམས་ཀྱི་མཐུ་ལ་བརྟེན་ནས་ས་ཆེན་པོ་རྒྱ་མཚོའི་མཐར་ཐུག་པར་ཚུལ་བཞིན་སྐྱོང་བའི་མིའི་དབང་པོ་ཆེན་པོའི་སྤྱན་སྔར་། ནུབ་ཕྱོགས་གངས་ཅན་གྱི་ཁྲོད་ཡུལ་དབུས་ཀྱི་ཆ་ན་གནས་པའི་ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཞུ་བ། ཆོས་ཀྱི་རྒྱལ་པོ་ཆེན་པོའི་བསོད་ནམས་རི་རབ་ལྷུན་པོ་ལྟར་འཕང་མཐོ་ཞིང་བཀའ་འབངས་རྣམས་ཀྱི་བདེ་སྐྱིད་ལྷ་ཡུལ་ལྟར་ཕུན་སུམ་ཚོགས་པར་བཀའ་ལུང་གཉན་པོ་རྒྱལ་ཕྲན་དུ་མས་སྤྱི་བོས་ལེན་པར་བཞུགས་པའི་སྐབས་ནས། དཀོན་མཆོག་གསུམ་གྱི་མཐུ་སྟོབས་བསྐྱེད་པའི་ཕྱིར་དུ་ལུང་གིས་འདི་ཕྱོགས་སུ་མངགས་པའི་གསེར་ཡིག་པ་རྣམས་ཀྱིས་འཇའ་ས། མེ་ཏོག་ཞིབ་མོ་སྤྲིན་རིས་ཡོད་པའི་གོས་ཡུག་དམར་པོ་གཅིག་དང་། ལྗང་གུ་ཡུག་གཅིག མེ་ཏོག་མེད་པའི་གོས་ཡུག་དམར་པོ། སྔོན་པོ། ལྗང་གུ་ཡུག་གསུམ་དང་། དར་མདོག་ཅན་ཡུག་བདུན། གོས་ཆེན་གྱི་ཆོས་གོས། ཕྱག་ཚེ། གོང་ཐུང་། དིང་འགང་། ཐར་ཐེབ། ཆུ་ཤེལ་གྱི་ཕྲེང་བ། རྡོ་རྗེ་དྲིལ་བུ་བུབས་གཉིས། དཀར་ཡོལ་གཉིས། རྟེན་ཁེབས་གཉིས། ལག་ཕྱིས་གསུམ། པང་ཁེབས་མཎྜལ་གྱི་རྒྱན་གསུམ། སྐ་རགས། ཏིང་ཤགས་བུབས་གཉིས། ལྷམ་འབོབ་དང་བཅས་པ། ཇ་རྒྱ་མ་ལྔ་བཅུ། ཙན་དན་དུམ་གཅིག་གི་གནང་སྦྱིན་དང་བཅས་པ་འདིར་འཕྲོད་པས་ཐུགས་ལ་བཏེགས།

        གོང་མ་ཆེན་པོའི་ཐུགས་ཀྱི་དགོངས་པ་ལ། ངེད་དེ་ཕྱོགས་སུ་ལན་གཅིག་འོང་བ་གྱིས་གསུངས་པ་ཡིན་ཟེར་བའི་ལུང་བུད་པའི་རྒྱུ་མཚན་གསེར་ཡིག་པ་རྣམས་དང་། ཝང་གིས་ནན་གྱིས་གསུང་འབྱོན་ཡིན་འདུག་པའི་དོན་ཁོང་དུ་ཆུད། སའི་བདག་པོ་ཆེན་པོས་སངས་རྒྱས་ཀྱི་བསྟན་པ་ལ་དགོངས་པའི་ལུང་ཡིན་པར་འདུག་པ་མ་གོ་ཞིང་ལུང་ལ་མ་གུས་པ་དང་། བརྙས་པ་བྱས་པ་མ་ལགས་ནའང་། མི་མང་པོ་དང་ནམ་ཕྲད་པའི་དུས་རྣམས་སུ་ནད་དྲག་པོ་འབའ་ཞིག་འོང་བ་བྱུང་བའི་དོན་གྱིས། བཀའ་ལུང་བཞིན་དུ་བསྒྲུབ་པར་མ་ནུས་པ་ལ་ནམ་མཁའ་དང་འདྲ་བར་ཡངས་ལ་ཤིན་ཏུ་རྒྱ་ཆེ་བའི་ཐུགས་ཀྱིས་མི་དགྱེས་པ་མི་མཛད་པ་ཐུགས་ལ་འདོགས་པར་ཞུ།

        སྔོན་གྱི་དུས་སུ་བྱོན་པའི་ཆོས་རྒྱལ་ཆེན་པོ་རྣམས་ཀྱིས་འཇིག་རྟེན་འདིའི་ཁྲིམས་ལུགས་དང་འཇིག་རྟེན་ཕྱི་མའི་ཆོས་ལུགས་ཕྱོགས་ཐམས་ཅད་དུ་ལེགས་པར་དར་བའི་ཐུགས་ཀྱི་ཁུར་ཆེན་པོ་བསྣམས་འདུག་པའི་ལུང་བཞིན་དུ། ད་ལྟའི་དུས་སུ་གོང་མ་ཆེན་པོའི་ཐུགས་དགོངས་རྣམ་པར་དག་པ་དང་མཛད་པ་འཕྲིན་ལས་ངོ་མཚར་བས་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡིད་མགུ་བར་བྱེད་པའི་གཏམ་སྙན་པོ་ཡང་དང་ཡང་དུ་ཐོས་པས། བདག་ཅག་འདི་ཕྱོགས་ན་ཡོད་པའི་རབ་བྱུང་དྲག་པ་ཕལ་མོ་ཆེས། གོང་མ་ཆེན་པོའི་སྐུ་ཚེ་དང་རྒྱལ་སྲིད་ཡུན་རིང་དུ་བརྟན་པའི་སྨོན་ལམ་རྣམ་པར་དག་པ་ཡང་དང་ཡང་དུ་འདེབས་ཀྱིན་ཡོད་པའི་ཚུལ་འདི་དགོངས་པར་ཞུ་ཞིང་། དེ་ལྟར་ཡིན་ལགས་ན་དེ་ལ། ས་སྐྱོང་ཆེན་པོའི་འཕྲིན་ལས་ཀྱིས་ཇི་ལྟར་སྐྱོང་། ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་མཁྱེན་པས། བདག་ཅག་འདྲ་བས་ཞིབ་ཏུ་མི་སྤོབས་ལགས།

        གུས་པས་ཕུལ་བའི་ཞུ་ཡིག སྤྱན་ལམ་དུ་བབ་པའི་ཐབས་ཀྱི་རྟེན་མཚོན་པར། ལིའི་ཡུལ་ནས་སྤྱན་དྲངས་པའི་སྤྱན་རས་གཟིགས་ཀྱི་སྐུ་གཅིག བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གསེར་སྐུ་གཅིག དེ་བཞིན་གཤེགས་པ་འཇམ་དཔལ་གྱི་གསེར་སྐུ་གཅིག དེ་བཞིན་གཤེགས་པའི་རིང་བསྲེལ་འཕེལ་བཞིན་པ་གསུམ་སྦྲེལ་གཅིག ཡང་དེ་བཞིན་གཤེགས་པའི་རིང་བསྲེལ་གཅིག རྒྱ་གར་གྱི་གྲུབ་ཆེན་རྒྱ་དང་བོད་གཉིས་ཀར་སངས་རྒྱས་ཀྱིས་བསྟན་པ་དར་རྒྱས་སུ་མཛད་པའི་སྐུ་དྲིན་ཅན་ཇོ་བོ་ཆེན་པོ་ལྷ་གཅིག་གི་གདུང་རུས་ལས་བྱོན་པའི་རིང་བསྲེལ་གཅིག་རྣམས་ཕུལ། བྱི་བ་ལོ་ཟླ་བ་དྲུག་པའི་ཚེས་བཅུ་དགུ་ལ་ཡུལ་དབུས་ནས་ཕུལ་བའི་ཞུ་ཡིག ཅེས་པ་འདི་རྒྱ་ནག་ཏ་མིང་རྒྱལ་པོས་ལྔ་བརྒྱ་པ་རྣམས་ཀྱི་གཙུག་རྒྱན་དམ་པར་གྱུར་པ་རྒྱལ་པ་ཙོང་ཁ་པ་དེ་ཉིད་ཉི་མ་ཤར་ཕྱོགས་ཀྱི་ཡུལ་གྲུ་ཆེན་པོར་གདན་འདྲེན་གྱི་ཞུ་ཡིག་གསེར་ཡིག་པ་དང་བཅས་པ་བཏང་བའི་ཞུ་མི་ལ་ལན་ཞུས་སོ། །མངྒ་ལམ། །

                                                                                                        རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས།
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།