རྗེའི་རྣམ་ཐར་ཆེན་མོ་ལས་རྣམ་གཞག་རིམ་པའི་རྣམ་བཤད་གནད་དོན་གསལ་བ་མཛད་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-06 10:03:16     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དབྱར་གནས་དེར་བྱང་ཆུབ་ལམ་རིམ་གྱི་ཁྲིད་དང་། དབུ་ཚད་ཀྱི་དཀའ་གནད་འགྲེལ་བའི་ཆོས་མང་དུ་གསུངས། སྟོན་འོལ་ཁ་བ་བཀྲ་ཤིས་རྒྱལ་མཚན་དཔོན་གྱིས་གསོལ་བ་བཏབ་པས། འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་འོལ་ཁའི་བྱམས་པ་གླིང་དུ་ཕེབས། དོན་གཉེར་ཅན་རྣམས་ལ་ལམ་རིམ་དང་བསྐྱེད་རྫོགས་ཀྱི་ཆོས་གསུངས། རྗེ་རིན་པོ་ཆེ་དཔོན་སློབ་རྣམས་ཀྱིས་མཚམས་དམ་པར་བཅད་ནས་ཐུགས་དམ་ལ་བརྩོན་པའི་སྐབས་སུ། འཇམ་པའི་དབྱངས་ཀྱིས། སློབ་དཔོན་ཀླུ་བྱང་གིས་མཛད་པའི་རྣམ་གཞག་རིམ་པའི་འགྲེལ་བ་རྩོམ་ན་བསྟན་པ་ལ་ཕན་ཐོགས་ཆེན་པོ་འོང་ཞེས་གསུངས་པས་རྣམ་གཞག་རིམ་པའི་རྣམ་བཤད་གནད་དོན་གསལ་བ་ཞེས་བྱ་བ་འཕྲལ་དུ་བརྩམས། འདི་ནི་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གཙོ་བོར་མཛད་ཅིང་རྫོགས་རིམ་ཀྱང་སྟོན་པའི་བསྟན་བཅོས་ཡིན་ལ། དོན་གཉེར་ཅན་རྣམས་ལ་གཞུང་འདི་ཞིབ་པར་གསུངས།

        དེ་ཡང་རྗེ་འདིས་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔའི་གནད་དང་། ཁྱད་པར་དུ་རིམ་པ་གསུམ་པའི་སྒྱུ་ལུས་སྒྲུབ་ཚུལ་སོགས་གསང་འདུས་ཀྱི་རྩ་རྒྱུད་བཤད་རྒྱུད་དང་། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལྔའི་གཞུང་ལས་གསུངས་པའི་ཐུན་མོང་མ་ཡིན་པའི་དོན་རགས་པ་རྣམས་དཔྱིས་ཕྱིན་པར་ལེགས་པར་གོ་ནས། བསྟན་བཅོས་འདི་རྩོམ་པའི་བར་ལོ་བཅུ་ལྷག་སོང་ཞིང་། ད་བར་དུ་སྨྲ་མ་ནུས། ད་ལྟ་ཟུར་ཙམ་སྨྲས་པ་ཡིན་ཞེས་གསུང་བར་སྣང་ངོ་། །

        གསུང་འདི་ལ་དཔགས་ན་དགུང་ལོ་སོ་བདུན་པར་རྒྱ་སོག་ཕུར་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པ་སོགས་ལྟས་བཟང་མང་དུ་བྱུང་བའི་སྐབས་དེར་རྫོགས་རིམ་གྱི་གནད་རྣམས་ལེགས་པར་མཁྱེན་པ་ཡིན་འདུག ད་བར་དུ་སྨྲ་མ་ནུས་ཞེས་པ་ནི་བོད་ཀྱི་བླ་ཆེན་དུ་མས་འཁྲུལ་ནས་ལོག་པར་བཟུང་བའི་སྐྱོན་མང་ཞིང་། གསལ་བར་བཤད་ན་སྐྱོན་ལ་ཕོག་པ་དང་། སྐྱོན་མངོན་དུ་འགྱུར་བ་སོགས་ཀྱིས་མ་གསུངས་པ་ཡིན་ན། སྐབས་ཤིག་སྟོབས་བཞིས་བཤགས་པའི་ཆོ་ག་བརྩམས།

        ཡང་བཟང་པོ་ཞེས་པའི་དཔོན་ལ་གནང་བའི་གསུང་ཡིག་ནི། ཨོ་བདེ་ལེགས་སུ་གྱུར་ཅིག གང་ཞིག་དྲན་པ་ཙམ་གྱིས་ལེགས་ཚོགས་ཀུན། །ཇི་བཞིན་སྩོལ་མཛད་བསླུ་བ་མེད་པའི་སྐྱབས། །མཐའ་ཡས་རྒྱལ་བའི་ཡབ་གྱུར་འཇམ་དབྱངས་དེས། །སྐལ་བཟང་ཁྱེད་ལ་ཀུན་ནས་སྐྱོང་གྱུར་ཅིག །སྔོན་ཆད་བཟང་པོའི་ལས་ལ་ཆེར་གོམས་པས། །དེང་དུས་གྲུབ་པའི་རིགས་སུ་ལེགས་འཁྲུངས་ཤིང་། །ཐེག་པ་མཆོག་ལ་བརྩོན་པ་མི་ལྷོད་པས། །ཉིན་མཚན་དུས་རྣམས་འབྲས་བུ་ཡོད་པར་འདའ། །ཆེ་བའི་གོ་འཕང་དག་ལ་གནས་ན་ཡང་། །ངེས་པའི་དཔལ་གྱིས་རབ་ཏུ་མཛེས་གྱུར་པས། །བཤེས་གཉེན་རྣམས་ལ་གུས་པས་ལེགས་འདུད་པའི། །བཟང་པོའི་མཚན་ཅན་དེ་ཡིས་སྦྱར་བ་ཡི། །འཕྲིན་ཡིག་ཚིག་དོན་བཟང་པོའི་སྙན་དངགས་དང་། །རྨད་བྱུང་རོ་དང་རེག་པའི་བདེ་སྟེར་བའི། །བཏུང་བ་གཉིས་དང་བགོ་བའི་གོས་དང་ནི། །ཚོན་དང་སྨན་གྱི་རྣམ་པ་སྣ་ཚོགས་དང་། །ཞིང་བཟང་རྣམས་ལ་འོས་པའི་བཏུང་བར་བཅས། །དྲི་མེད་དགོངས་པས་ཀུན་ནས་བསླངས་པ་རྣམས། །མངགས་པའི་ཕོ་ཉས་ཕྱོགས་འདིར་ལེགས་པར་འཕྲོད། །ཇི་ལྟར་དགོངས་པ་དེ་ལྟར་བགྱིད་པར་ཞུ། །སྙིགས་དུས་འགྲོ་བའི་ཕུན་ཚོགས་ཤིན་ཏུ་དམན། །མི་བསྲུན་ནག་པོའི་རྩ་ལག་འཕེལ་བ་ཡིས། །ཉིན་རེ་བཞིན་ཡང་གླགས་སྐབས་ཚོལ་བར་བྱེད། །དེ་ཕྱིར་བརྩོན་པ་ཆེན་པོ་མཛད་པར་རིགས། རྟེན་བཟང་རྙེད་དང་བསྟན་དང་མཇལ་བ་དང་། །དམ་པའི་བཤེས་རྙེད་ཤིན་ཏུ་དཀའ་བ་དང་། །ལང་ཚོའི་དཔལ་ཡང་ཆེས་ཆེར་གཡོ་བའི་ཚུལ། །ཡང་ཡང་སེམས་པ་གནད་ཀྱི་གདམས་པ་ལགས། །འདི་ཕྱིའི་ལེགས་ཚོགས་ཡིད་བཞིན་འགྲུབ་པས་ན། །སྐྱབས་གསུམ་བླ་མ་གཙུག་གི་རྒྱན་དུ་བཟུང་། །རྒྱལ་སྲས་རྣམས་ཀྱི་ཐབས་མཁས་མཆོག་ཡིན་པས། །དགེ་བ་གང་བྱེད་བྱང་ཆུབ་སེམས་ཀྱིས་བསྒྱུར། །འཁོར་གསུམ་ཡོངས་དག་ལམ་གྱི་སྲོག་ཡིན་པས། །རང་བཞིན་མེད་པའི་ལྟ་བས་རྒྱ་ཡིས་ཐོབ། །མཐོང་ཐོས་དྲན་རེག་དོན་ལྡན་འགྱུར་བས་ན། །རླབས་ཆེན་སྨོན་ལམ་མང་པོ་རྒྱུན་དུ་མཛོད། །གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི། །གངས་སུལ་བྱམས་པའི་གླིང་གི་རི་སུལ་ནས། །སྔོན་གྱི་དམ་པའི་རྗེས་སུ་སློབ་འདོད་པ། བློ་བཟང་གྲགས་པའི་མཆིད་ནས་འདི་སྐད་ལོ། །མཆུའི་ཟླ་བའི་ཉེར་བདུན་ལ་དགེ་ལེགས་སུ་གྱུར་ཅིག ཞེས་པའོ། ། 

                                                         རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།