རྗེའི་རྣམ་ཐར་ཆེན་མོ་ལས་རྣམ་བཤད་སྙིང་བོ་རྒྱན་མཛད་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-06 09:48:53     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་ཞེ་བདུན་པའི་ཆུ་ལུག་ལོའི་དཔྱིད་ཆོས་རྗེ་སྐྱབས་མཆོག་པས་ལམ་རིམ་ཆེན་མོའི་གླེགས་བམ་ཕྱག་ཏུ་བཞེས། ལེགས་བཤད་རིན་པོ་ཆེའི་སྐྱེས་ཀྱིས་ཐུགས་ཀྱི་བང་མཛོད་གཏམས་ནས་གཙང་ལ་ཐེགས། རྗེ་འདིས་དེའི་དབྱར་གནས་དང་དགུན་ཡང་རྭ་སྒྲེང་དེར་བཞུགས་ནས་ལམ་རིམ་སོགས་ཆོས་མང་དུ་གསུངས། ཁྱད་པར་དུ་མངོན་རྟོགས་རྒྱན་ཡུམ་གསུམ་དང་སྦྱར་ནས་རྒྱས་པར་གསུངས་ཤིང་། རྫོགས་པའི་དུས་སློབ་མ་རྣམས་ཀྱིས་མཆོད་པ་རྒྱས་པར་ཤོམས་གསུངས། དེར་གཞན་རྣམས་ཀྱིས་མཆོད་མེའི་ཀོང་བུ་བླངས་ཚར་བས། རྒྱལ་ཚབ་རྗེ་ཀ་ཏོ་ར་ཆེན་པོ་ཅིག་ཏུ་སྡོང་བུ་བངས་ཙམ་གྱིས་མར་མེ་བྱས་ནས་ཕུལ། རྗེ་རིན་པོ་ཆེས་མར་མེ་ཐམས་ཅད་ལ་གཟིགས་ནས་ཐམས་ཅད་ཀ་ཏོ་ར་འདིར་བླུགས་གསུང་། ཐམས་ཅད་དེར་བླུགས་པས་ཀ་ཏོ་ར་གང་བར་གྱུར། དེ་ལ་རྗེ་རིན་པོ་ཆེས་དཀའ་བཅུ་པ་དར་མ་རིན་ཆེན་གྱིས་བློ་ལ་བཟུང་བ་རྣམས་བྲིས་ནས་ཕར་ཕྱིན་གྱི་འགྲེལ་པ་ཞིག་རྩོམས་ཞེས་གསུང་ཞིང་།

        འདི་ནི་རྗེ་རང་གི་ཚབ་ཏུ་བསྟན་པའི་བདག་པོར་མངའ་གསོལ་བ་ཡིན་གསུང་། རྒྱལ་ཚབ་རྗེས་བཀའ་བཞིན་དུ་བརྩམས་པའི་འགྲེལ་པ་ནི་རྣམ་བཤད་སྙིང་པོའི་རྒྱན་ཞེས་གྲགས་པའི་ལེགས་བཤད་འདི་ཡིན་ཞིང་། འདིར་གསེར་ཕྲེང་དུ་གསུངས་པ་དང་ཅུང་ཟད་མི་འདྲ་བ་འགའ་ཡོད་ཀྱང་། རྗེའི་དགོངས་པ་རྣམ་དག་ཡིན་ཞེས་བླ་མ་རྣམས་གསུང་ངོ་། །

        ཡང་ཚ་ཁོ་དཔོན་པོ་ངག་དབང་གྲགས་པས་ལམ་རིམ་ཆེན་མོའི་གླེགས་བམ་ལ་བལྟས་ཏེ་དད་གུས་ཀྱིས་ཞུ་ཡིག་ཕུལ་བའི་ལན་དུ་གནང་བའི་གསུང་ཡིག་ནི། འདྲེན་མཆོག་རྒྱལ་བ་དེ་ཡི་རྒྱལ་ཚབ་དང་། །རྗེ་བཙུན་མཁྱེན་པའི་གཏེར་དང་ཀླུ་སྒྲུབ་ཞབས། །འཕགས་པ་ཐོགས་མེད་རྣམས་ཀྱི་མཛད་འཕྲིན་རྣམས། །སྐལ་ལྡན་ཁྱོད་ལ་རྟག་ཏུ་འཇུག་གྱུར་ཅིག །ཡངས་པའི་རྣམ་དཔྱོད་མཁའ་ལྟར་རྒྱ་ཆེ་ཞིང་། །ཕུལ་བྱུང་དད་པ་རི་དབང་ལྟར་བརྟན་ལ། །བསྟན་པའི་ཁུར་གྱིས་ནམ་ཡང་མི་ངལ་བའི། །བཤེས་གཉེན་ངག་དབང་གྲགས་པ་ཞེས་གྲགས་པའི། །སྡོམ་བརྩོན་མཆོག་དེས་ཤིང་རྟ་ཆེ་གཉིས་ལས། །ལེགས་པར་བརྒྱུད་པའི་སྐྱེས་བུ་གསུམ་གྱི་ལམ། །ལེགས་བཤད་རྒྱ་མཚོ་བྱང་ཆུབ་ལམ་རིམ་གྱི། །ཡི་གེའི་ཕྲེང་བས་མིག་ལ་དཔལ་བྱིན་པས། །དོན་དཔྱོད་ཡིད་ནི་བདུད་རྩིས་ངོམས་སོ་ཞེས། །རྣར་སྙན་ཡིད་ལ་འབབ་པའི་ཕྲིན་ཡིག་གིས། །སྲབ་འཇམ་ཡང་བའི་ངུར་སྨྲུག་གོས་མཆོག་དང་། །མཆིལ་ལྷམ་ཟུང་གི་རྟེན་བཅས་བསྐུར་བ་འཕྲོད། །གཟར་བུས་ཚོད་མའི་རོ་ལ་ཇི་བཞིན་དུ། །ལེགས་བཤད་རིང་དུ་བསྟེན་ཀྱང་ལྕིགས་དཀའ་བ། །རོ་འཛིན་དབང་པོས་རོ་ལ་ཇི་བཞིན་དུ། །ཡུད་ཙམ་རེ་ཡིས་ཉམས་སུ་མྱོང་བར་མཚར། །དེང་དུས་ཡང་དག་པ་དང་ལྟར་སྣང་གི། །ལམ་གྱི་རྣམ་དབྱེ་ཤེས་པ་ཆེས་ཆེར་དཀོན། །བརྒྱ་ལ་སྲིད་ཀྱང་ལེགས་བཤད་ལེགས་བཤད་དུ། །ཇི་བཞིན་ཤེས་པའང་དེ་འདྲ་ཁོ་ནར་བས། །དེ་ཕྱིར་ཟབ་ཅིང་རྒྱ་ཆེའི་ལམ་གྱི་གནད། །ཕྲ་མོ་རྣམས་ལའང་བཅོས་མིན་ངེས་རྙེད་ཅིང་། །ཡི་གེར་བཀོད་པ་མཐོང་ཚེ་ཁོ་བོའི་ཡིད། །རིང་དུ་ངལ་བའི་འབྲས་བུ་ཐོབ་པས་ཚིམ།

        ཆོས་ཀྱི་རྗེ་ཉིད་ཀྱིས་བརྙེས་པའི་གོ་འཕང་ལ་གདུལ་བྱ་རྣམས་དངོས་དང་བརྒྱུད་པས་བཀྲི་བར་བཞེད་ནས་མདོ་སྡེ་དང་རྒྱུད་སྡེའི་རིམ་པ་གསུངས་པའི་མདོ་ནས་འབྱུང་བའི་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གྱི་རྣམ་པར་བཞག་པ་འདིས། རྒྱལ་བའི་བསྟན་པ་སྤྱིའི་རྐང་བཟུང་ནས་གདུལ་བྱ་མཆོག་འགའ་ཞིག་ལ་རྒྱུད་སྡེའི་ལམ་གྱི་སྣོན་པ་བཏབ་ནས་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པར་འཛིན་པ་འདི། གསུང་རབ་ཐམས་ཅད་གདམས་ངག་དུ་ཤར་བའི་རྒྱ་བོད་ཀྱི་མཁས་པ་ཐམས་ཅད་ཀྱི་བཞེད་པ་ཡིན། ཁོ་བོས་ཀྱང་དེ་རྟོགས་པའི་དོན་པོ་མང་པོར་བས་མཐའ་བརྟེན་ནས་ཁས་བླངས་པའི་ཚུལ་ཁྲིམས་སྲུང་བ་གཞིར་བཞག་བསག་སྦྱང་གི་ལྷན་ཅིག་བྱེད་རྐྱེན་མང་པོ་དང་ལམ་གྱི་ལུས་ཚང་བའི་དམིགས་རྣམ་སྐྱོང་བའི་ཉེར་ལེན་གྱི་རྒྱུ་ལ་འབད་པས་མཁས་པ་དགྱེས་པའི་མདོ་སྔགས་ཀྱི་ལམ་ཕྱོགས་རགས་པ་ཙམ་མཐོང་ནས། བསྟན་པ་ལ་དམིགས་པ་འབའ་ཞིག་གིས་ཀུན་ནས་བསླངས་ནས། སྔོན་ལ་ཐེག་པ་ཐུན་མོང་བའི་ལམ་གྱི་རིམ་པ་ཡི་གེར་བཀོད་པ་ཡིན།

        འདི་ལའང་ལམ་གྱི་ལུས་རྫོགས་མ་རྫོགས་དང་། ལམ་གྱི་གོ་རིམ་ངེས་ཚུལ་དང་ལམ་གྱི་ཆ་ཕྲ་མོ་རྣམས་ནས་ལག་ལེན་དུ་བྱས་ནས་འཁྲིད་ཚུལ་དང་ཁྱད་པར་དུ་ཞི་གནས་དང་ལྷག་མཐོང་གཞུང་ཆེ་བའི་དགོངས་པ་བཞིན་དུ་གསལ་བར་བཀྲོལ་བ་འདི་དག་སྙིང་ནས་སྒྲུབ་པ་བྱེད་འདོད་བྱུང་བའི་ཚེ། ཉམས་ལེན་གྱི་གནད་ལ་ཚད་མར་གྱུར་བའི་གཞུང་ཆེ་བ་རྣམས་ངེས་པར་གཞག་དགོས་པར་མཐོང་ནས་འདོར་ཞིང་། སྒྲུབ་པ་ལྷུན་ལེན་གྱི་བློ་སྣ་མ་སྐྱེས་པའི་ཚེ་དེ་དག་ལ་ཉིན་མཚན་དུ་འབད་པ་བྱེད་ན་ཉམས་ལེན་ཇི་ལྟར་བསྟན་ལ་བློ་ཁ་མ་ཕྱོགས་པར་ཐ་སྙད་ཙམ་ལ་མཁས་པའི་ཡན་ལག་ཙམ་དུ་མ་མོས་ནས་གཞུང་རེ་རེའི་ཚིག་དོན་ལ་ལུགས་མི་འདྲ་བ་མང་པོའི་འགྲེལ་ཚུལ་ཚིག་སྤྱི་ཙམ་དུ་མ་སོང་བ་རེ་ཐེབས་ན་དེ་ཙམ་གྱིས་དེ་དག་དཔྱིས་ཕྱིན་པ་འདོད་པའི་ད་ལྟའི་དུས་འདྲ་བ་ལྟ་ཅི་སྨོས། སྔོན་དུས་ཀྱི་རྣམ་དཔྱོད་ཅན་ཚེ་འདིའི་བུན་ལོང་ཡལ་བར་བཞག་ནས་རིག་པའི་གོ་རིམ་མང་དུ་བསླབས་ཏེ། ཉམས་སུ་ལེན་པའི་གནད་ཇི་ལྟ་བུ་ཞིག་ཡིན་སྙམ་དུ་སྒྲུབ་འདོད་ཀྱིས་བླངས་པའི་ཤེས་འདོད་ཅན་རྣམས་ཀྱིས་རིང་དུ་དཔྱད་ཀྱང་དཔག་དཀའ་བར་བྱུང་འདུག་པས་ལམ་ལ་བསྐོར་བའི་གོ་ཡུལ་རྣམས་ཀྱིས་ཚིམ་སླ་བ་མ་མཛད་པར། སྔར་བཤད་པ་ལྟར་གྱི་རྒྱུ་རྐྱེན་ལ་འབོད་ལ་ཡང་དང་ཡང་དུ་གསོལ་བ་ཐོབ་ལ་ཞིབ་པར་དཔྱོད་མཛོད།

        མ་གོ་བའི་གོ་རྒྱུ་བྱུང་རས་ཀྱིས་འདོད་པའི་ལྷ་དང་དམ་པའི་བཤེས་ཀྱི་སྐུ་དྲིན་དུ་བཟུང་ལ་སླར་ཡང་ཟང་ཟིང་དང་སྒྲུབ་པའི་མཆོད་པས་སྐུ་དྲིན་གསོབ་པ་ལ་འབོད་དང་བློ་ཁྱད་ཞུགས་པར་སོང་ནས་ལམ་གྱི་གནད་ཕྲ་རགས་ཐམས་ཅད་ལ་བཅོས་མ་མ་ཡིན་པའི་ངེས་པ་རེ་རྙེད་ནས། ལྷ་དང་བླ་མ་ལ་ཇེ་དད་སྟོན་པ་དང་བསྟན་པ་ལ་ཇེ་གུས། སེམས་ཅན་ལ་ཇེ་བརྩེ་སྒྲུབ་པ་ལ་ཇེ་བརྩོན་དུ་འགྲོ་ཞིང་། ལེགས་པར་དམིགས་བྱེད་པའི་གནད་ཀྱིས་བག་ཆགས་བརྟན་པར་འཇོག་པ་ལ་གཞན་དང་མི་འདྲའོ་ཞེས་པ་འདི་ནི་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པའི་ཞུ་ཡིག་གི་ལན་དུ། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱིས་གནང་བའོ། །ཞེས་པའོ། ། 

རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།