རྗེའི་རྣམ་ཐར་ཆེན་མོ་ལས་ལམ་རིམ་ཆེན་མོ་མཛད་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-06 09:32:25     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་རེད་མདའ་པའི་བསྟོད་པ་ཅིག་མཛད་དོ། ། དགག་དབྱེ་ཐོན་ནས་རྗེ་བཙུན་རེད་མདའ་པ་གཙང་ལ་ཕྱག་བཏེག རྗེ་འདི་དང་ལོ་ཆེན་སྐྱབས་མཆོག་པ་གཉིས་འཁོར་བཅས་སླར་རྭ་སྒྲེང་དུ་བྱོན། རྗེ་འདི་བྲག་སེང་གེའི་ཞོལ་དུ་དབེན་གནས་མཛད་དེ་བཞུགས། ལོ་ཆེན་གྱིས་དབུ་མ་སོགས་གསུངས། རྗེ་རིན་པོ་ཆེས་ལམ་རིམ་སོགས་གསུངས། ཁྱད་པར་རྭ་སྒྲེང་གི་དགོན་པ་གོང་དུ་ཇོ་བོའི་སྐུ་འདྲ་དབུ་ཡོན་མ་ཆེ་བ་ཞེས་གྲགས་པ་ཇོ་བོ་དངོས་དང་ཁྱད་པར་མེད་པའི་བྱིན་རླབས་ཆེ་བ་དེའི་མདུན་དུ་ཞག་མང་པོའི་བར་དུ་གསོལ་བ་བཏབ་པས། སྟོན་པ་བཅོམ་ལྡན་འདས་ནས་ནམ་མཁའ་རྒྱལ་མཚན་གྱི་བར་གྱི་ལམ་རིམ་བརྒྱུད་པའི་བླ་མ་རྣམས་དངོས་སུ་གཟིགས། ཁྱད་པར་དུ་ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ་རྣམས་ཟླ་བ་གཅིག་གི་བར་དུ་གཟིགས་ཤིང་། གདམས་པ་དང་རྗེས་སུ་བསྟན་པ་མང་དུ་བསྩལ། མཐར་འབྲོམ་སོགས་གསུམ་ཇོ་བོ་རྗེ་ལ་ཐིམ། ཨ་ཏི་ཤས་རྗེ་རིན་པོ་ཆེའི་སྤྱི་བོར་ཕྱག་བཞག་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་གྱིས་དང་། བྱང་ཆུབ་སྒྲུབ་པ་དང་སེམས་ཅན་གྱི་དོན་བྱེད་པའི་གྲོགས་བདག་གིས་བྱའོ་ཞེས་གསུངས་ནས་མི་སྣང་བར་གྱུར་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་།

        དེའི་ཚེ་བྱང་ཆུབ་ལམ་རིམ་བརྒྱུད་པའི་བླ་མ་རྣམས་ཀྱི་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ཅེས་བྱ་བ་མཛད། སྐབས་འདིའི་གོང་ནས་རྔོག་ལོ་ལེགས་པའི་ཤེས་རབ་ཀྱིས་བཞེངས་པའི་གསང་ཕུའི་བླ་མ་དཀོན་མཆོག་ཚུལ་ཁྲིམས་དང་། བྱ་འདུལ་འཛིན་གྱིས་བཞེངས་པའི་ཟུལ་ཕུའི་བླ་མ་དཀོན་མཆོག་དཔལ་བཟང་སོགས་བོད་ཀྱི་བླ་མ་མཁས་པ་མང་པོས་ལན་མང་དུ་བསྐུལ་བ་དང་། སྐབས་འདིར་ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོས་ནན་ཏན་ཆེན་པོས་གསོལ་བ་བཏབ་པ་དང་། ཇོ་བོ་རྗེས་བྱིན་གྱིས་བརླབས་པ་སོགས་གོང་གི་དགེ་མཚན་རྣམས་དང་འགྲིགས་པས་བྱང་ཆུབ་ལམ་རིམ་རྩོམ་པར་བཞེད་ནས། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་སྐལ་བ་དང་ལྡན་པ་རྣམས་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་རྒྱས་པར་བསྟན་པའི་ལམ་རིམ་ཆེན་མོ་བཀའ་རྩོམ་མཛད། ལམ་རིམ་འདི་ནི་ཆོས་རྣམ་དག་བྱེད་པར་འདོད་པའི་སྐལ་ལྡན་རྣམས་ལ་མིག་གཅིག་ལྟ་བུ་ཡིན་ཞིང་། འཇིག་རྟེན་གསུམ་གྱི་མུན་པ་སེལ་བའི་ཉི་མ་གཅིག་པུ་རྨད་དུ་བྱུང་བར་གྲགས་ཏེ་དར་ཞིང་རྒྱས་པར་བཞུགས་པ་འདི་ཡིན་ནོ། །

        དེ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ངེད་ཀྱི་གསུངས་པའི་ངེས་འབྱུང་བྱང་སེམས་ལྟ་བ་གསུམ་དུ་མ་འདུས་སམ་ཞེས་གསུང་བ་ལ། རྗེ་རིན་པོ་ཆེས་ལམ་གྱི་གཙོ་བོ་གསུམ་གྱི་མན་ངག་ནི་གཞུང་མདོར་བསྟན་ལྟ་བུ་དང་། སྐྱེས་བུ་གསུམ་གྱི་ལམ་རིམ་ནི་རྒྱ་ཆེར་འགྲེལ་ལྟ་བུར་འདུག་པས། བློ་རབ་འབྲིང་ཐ་མ་ཀུན་ལ་ཕན་པར་མཐོང་ནས། ལམ་གྱི་གཙོ་བོ་གསུམ་གཞིར་བཞག་ལ། ལམ་སྒྲོན་སོགས་གཞུང་མང་པོ་ནས་ཁ་བསྐངས་ཏེ་སྦྱར་བ་ཡིན་ཞེས་སོགས་གནད་དོན་ཕྲ་ཞིབ་མང་པོ་གསུང་བགྲོས་མཛད། ཞི་གནས་ཡན་བརྩམས་ནས་ལྷག་མཐོང་བརྩམས་ཀྱང་སྟོང་ཉིད་ཀྱི་དོན་གོ་དཀའ་བས་མང་པོ་ལ་ཕན་པར་མི་འགྱུར་རམ་སྙམ་དུ་དགོངས་པ་ལ། འཇམ་པའི་དབྱངས་ཀྱིས་ལྷག་མཐོང་བརྩམས་ན་གཞན་ཕན་འབྲིང་འོང་བས་རྩོམས་ཞེས་པས་ལམ་རིམ་རྫོགས་པར་བརྩམས་སོ། །

        དེའི་ཚེ་གཉན་ཆེན་ཐང་ལྷ་དང་། ཞོག་ལྷ་རྒྱུགས་པོ། ཡར་ལྷ་ཤམ་པོ་སོགས་དབུས་ཕྱོགས་ཀྱི་གཞི་བདག་དཀར་ཕྱོགས་ལ་དགའ་བ་མང་པོས། ངེད་པདྨ་སཾ་བྷ་བ་དང་ཇོ་བོ་རྗེ་སོགས་ལས་ཆོས་ཐོས་པའི་དགེ་བསྙེན་ཡིན། ད་ཁྱེད་ཀྱི་མཐུན་རྐྱེན་བསྒྲུབ་པས་སྐྱབས་འོག་ཏུ་འཇུག་པར་ཞུ་ཞེས་སྒོ་གསུམ་གུས་པས་ཕྱག་བཙལ། དེའི་ཕྱིར་ལམ་རིམ་གྱི་མཇུག་གི་སྨོན་ལམ་དུ། ལམ་བཟང་བསྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང་། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །ཅེས་གསུངས་སོ། །

རྩོམ་སྒྲིག་པ། མང་ར་བ།
         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།