རྗེའི་རྣམ་ཐར་ཆེན་མོ་ལས་ནམ་མཁའ་དཔལ་དབོན་པོའི་ཡིག་ལན་དུ་གནང་བའི་བསླབ་ཚིག་ཕན་བདེའི་གཞི་འཛིན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-06 09:25:33     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        གཞན་ཡང་དབུ་ཚད་སོགས་ཀྱི་ཆོས་འཁོར་མང་དུ་བསྐོར། ཡང་ནམ་མཁའ་དཔལ་དབོན་པོའི་ཡིག་ལན་དུ་བསླབ་ཚིག་ཕན་བདེའི་གཞི་འཛིན་ཞེས་བྱ་བ་བསྩལ། དེ་ནི། གང་ལ་བརྟེན་ན་འཕྲལ་དང་ཡུན་གྱི་དོན། །བདེ་བླག་སྦྱིན་པ་གཅིག་པུ་ཀུན་གྱི་གཉེན། །མགོན་པོ་ཐུགས་རྗེའི་གཏེར་དེའི་ཞབས་ཀྱི་རྡུལ། །སྐྱེ་དང་སྐྱེ་བར་གུས་པས་མཆོད་གྱུར་ཅིག །བློ་གྲོས་གསལ་ཞིང་དད་པའི་རྩ་བ་བརྟན། །གཏོང་ལ་ལག་བརྐྱང་ཐོས་ལ་འཇུག་གྱུར་པ། །ནམ་མཁའ་དཔལ་གྱིས་རིང་ནས་སྤྲིངས་པ་ཡི། །འཕྲིན་ཡིག་ཚིག་དོན་བཟང་ཞིང་སྙན་པའི་ངག །རྒྱལ་སྲས་ཐུ་བོའི་སྐུ་གཟུགས་འདུས་པའི་རྒྱུད། །ངུར་སྨྲིག་རྒྱལ་མཚན་རྡུང་ལ་སོགས་པ་ཡི། །ཡིད་འོང་སྐྱེས་མང་བསྐུར་བ་ཕོ་ཉ་བས། །མ་ཚང་མེད་པར་བདག་གི་གམ་དུ་འཕྲོད། །སྔོན་ཆད་ཕན་པར་སྨྲས་པའི་རྗེས་སུ་བསླབས། །ད་དུང་ལེགས་བཤད་དགའ་སྟོན་སྩོལ་ཞེས་ཟེར། །སྔོན་ཆད་གདམས་པ་རྣམས་ལས་ཆེས་ལྷག་པའི། །གདམས་པར་བགྱི་པ་ཅི་ཡང་མ་མཆིས་མོད། །འོན་ཀྱང་གུས་པར་ཉན་ལ་ཡང་ཡང་དུ། །ལེགས་པར་གདམས་ན་ཁྱད་པར་ཐོབ་འགྱུར་ཏེ། །ཤིན་ཏུ་སྙི་བའི་ཆུ་ཐིགས་ལྷུང་བ་ཡིས། །ཆེས་ཆེར་མཁྲེགས་པའི་བྲག་ལ་ཇི་བཞིན་ནོ། །ཀྱེ་མ་འགྲོ་འདི་བློ་གྲོས་ཉམས་ཆུང་ཞིང་། །ཚུལ་བཞིན་འདོམས་པའི་དམ་པའི་མགོན་མེད་པས། །རྒུད་པའི་སྒོ་ལ་འབད་པ་དྲག་པོ་ཡིས། །རྒྱུན་མི་འཆད་པར་རབ་ཏུ་འཇུག་པར་བྱེད། །དེ་སླད་བྱིས་པའི་སྤྱོད་ལས་རིང་སོང་བའི། །དམ་པའི་ཚུལ་ལུགས་ཐོས་པར་གྱུར་པ་ན། །དེ་ཡིས་རིངས་པ་ཐོབ་པར་མི་འགྱུར་ཏེ། །པད་མས་བརྒྱན་པའི་རི་རྩེར་ལུག་བོར་བཞིན། །བདག་ཅག་ལེགས་པར་སྤྱད་པའི་བསགས་པ་དམན། །ཉེས་སྤྱོད་སྒོ་ལ་རྒྱུན་མི་ཆད་དུ་ཕྱོགས། །དེ་ཕྱིར་བདེ་ལེགས་སྒོར་གྱུར་ཐུབ་བསྟན་དང་། །མཇལ་བའི་གོ་སྐབས་རྙེད་པ་ད་རེས་ཙམ། །དེང་དུས་འདི་ན་སྤུན་པ་འཕྱར་བ་བཞིན། །སྙིང་པོ་མེད་པའི་བྱ་བ་མ་བཏང་ན། །ལུས་སྲོག་ཡལ་ནས་བསྐལ་མང་ངན་འགྲོའི་གནས། །བརྒྱུད་པའི་སྡུག་བསྔལ་སུ་ཡིས་མནག་པར་ནུས། །གདོན་གྱིས་ཟིན་པ་རྣམས་ལ་ཆེས་བརྩེ་བའི། །བཤེས་ཀྱི་སྲོག་ལ་རྒོལ་བར་བྱེད་པ་ལྟར། །རྨོངས་པར་གྱུར་རྣམས་རང་གི་བདེ་ལེགས་སྒོ། །ཐུབ་པའི་བཅས་པའི་མཚམས་ལ་དགྲ་བཞིན་བལྟ། །ཁྱོད་ནི་བདག་གིས་སྨྲས་པའི་རྗེས་སློབ་ན། །དལ་བ་ཤིན་ཏུ་རྙེད་དཀའ་དོན་ཆེ་དང་། །དེ་ཡང་ཆུ་བུར་བཞིན་དུ་མྱུར་འཇིག་ཅིང་། །དེ་ནས་གཞན་གང་རྗེས་སུ་མི་འབྲང་ལ། །དཀར་ནག་ལས་འབྲས་ཕྲ་བའང་མི་སླུ་བ། །རྟེན་ཅིང་འབྲེལ་བར་འབྱུང་འདི་རིང་དུ་སོམས། །དེ་ཡིས་ཕན་བདེའི་རྩ་བའང་མ་བཟུང་བའི། །མཁས་པར་རློམ་དང་ཡུན་རིང་བསམ་གཏན་ལ། །སྤྱད་པའི་ཡུས་ཀྱིས་བརྣངས་པ་དེ་དག་ཀུན། །ནོར་བུར་འཁྲུལ་ནས་མཆིང་བུའི་ཁུར་ཐོགས་པའི། །གསེར་གླིང་ཕྱིན་པའི་ཚོང་པ་སླར་ལོག་ནས། །རང་གི་ཡུལ་དུ་འགྲོ་བཞིན་རིག་པར་མཛོད། །རྙེད་དཀའ་རིག་ན་གྱི་ནར་སྡོད་ཐབས་མེད། །དོན་ཆེན་མཐོང་ན་དོན་མེད་འདའ་བ་ཕངས། །འཆི་བ་བསམས་ན་ཕྱི་མར་འགྲོ་གྲབས་བྱེད། །ལས་འབྲས་བསམས་ན་བག་མེད་གནས་ལས་ལྡོག །དེ་ལྟར་དེ་གཞིའི་རྩ་བ་བརྟན་གྱུར་ན། །དགེ་ཆོས་ལྷག་མ་བདེ་བླག་ཉིད་དུ་སྐྱེ། །དེ་ཕྱིར་འགྲམ་རྩ་ཟད་པའི་ཁང་རུལ་ལ། །དགའ་བར་མ་སེམས་རྩ་བ་བཞི་ལ་སློབས། །ཐོག་མར་ཞིང་གི་མཐུ་ལ་བརྟེན་ནས་ནི། །ནང་གི་བསམ་པའི་སྟོབས་ནི་སྐྱེ་འགྱུར་བས། །དགེ་བའི་བཤེས་དང་དཀོན་མཆོག་མཆོད་པ་ལ། །རྒྱུན་ཆད་མེད་པའི་སྦྱོར་བ་སྟེན་འཚལ་ལོ། །དེ་ལྟར་རྩ་བ་བརྟན་ལ་གཙོར་འབད་ན། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་མ་ལུས་པ། །ཁ་ཅིག་ད་ལྟ་ལག་ཏུ་བླང་བ་དང་། །གཞན་དག་སྨོན་ལམ་ཡུལ་དུ་བྱས་གྱུར་ཏེ། །གཅིག་ཀྱང་མི་སྤོང་ཀུན་ཀྱང་སངས་རྒྱས་ཐབས། །དེ་ལྟར་རྒྱལ་བའི་བསྟན་པ་ཡོངས་རྫོགས་པ། །ལམ་དུ་བསྲེལ་བ་ཤེས་ན་མཁས་པའི་ཕུལ། །གཞན་དུ་དམ་ཆོས་སྤོང་བ་ཁོ་ནར་ཟད། །མདོར་ན་རང་གི་བསམ་པ་གང་དགའ་ལ། །མི་བཏང་རྒྱལ་བའི་བཅས་པའི་དབང་དུ་བཏང་། །དེ་ཚེ་འཕྲལ་དུ་གདུང་ཡང་ཕན་ཡོན་ལ། །གུས་པར་བྱ་སྟེ་གཏར་དང་སྲེག་པ་བཞིན། །བདག་གིས་བརྩེ་བས་ཅུང་ཟད་གདམས་པ་ལས། །བྱུང་བའི་དགེ་བ་དེ་ཡིས་འགྲོ་བ་ཀུན། །དམ་པའི་བཤེས་ཀྱིས་རྗེས་སུ་འཛིན་པ་དང་། །དེ་ཡི་གདམས་པ་བཞིན་དུ་བསྒྲུབ་གྱུར་ཅིག །ཅེས་འཕྲིན་ཡིག་ཕན་བདེའི་གཞི་འཛིན་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། གནམ་རྩེད་ལྡེང་གི་གཙུག་ལག་ཁང་ནས་དཔོན་པོ་ནམ་མཁའ་དཔལ་བཟང་གི་ཡི་གེའི་ལན་དུ། ལ་སྟོད་བྱང་དུ་སྤྲིངས་པའོ། །ཞེས་པའོ། །

                                                       རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།