རྗེའི་རྣམ་ཐར་ཆེན་མོ་ལས་བསྟན་པའི་རྩ་བ་སོ་སོར་ཐར་བའི་རྨང་རྫོགས་པར་གསོས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-05 20:33:34     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་རྗེ་རྣམ་གཉིས་ལྷན་ཅིག་ཏུ་ཕེབས་ནས་སྟག་ཚང་དུ་དབྱར་བཞུགས་མཛད། གཉིས་ཀས་ཆོས་མང་དུ་གསུངས། དེ་དུས་ཡབ་སྲས་གཉིས་ཀ་དབེན་པ་ལ་དགྱེས་ཤིང་། དབྱར་རྭ་སྒྲེང་གི་བསྔགས་པ་གསན་པས་ཀྱང་ཐུགས་གཡོས། དཔལ་ལྡན་ཨ་ཏི་ཤས་ལུང་བསྟན་པའི་གནས། འབྲོམ་སྟོན་ཡབ་སྲས་ཀྱི་གདན་ས། བཀའ་གདམས་པའི་དམ་པའི་ཆོས་ཀྱི་ཆུ་བོ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་ཀྱང་གཟིགས་པར་བཞེད་དེ། ཡབ་སྲས་གཉིས་ཀྱིས་ཐོག་མ་མཛད་པའི་དགེ་འདུན་སྡེ་སྣོད་འཛིན་པ་མང་པོའི་ཚོགས་དང་བཅས་པ་རྭ་སྒྲེང་ལ་ཕྱག་བཏེག དགུན་བཞུགས་རྭ་སྒྲེང་དུ་མཛད།

        བླ་མ་རྗེ་བཙུན་ཆེན་པོས། རིགས་པ་དྲུག་ཅུ་པ་དང་གསང་འདུས་རིམ་ལྔ་སོགས་གསུངས། རྗེ་རིན་པོ་ཆེ་འདིས། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་དང་། དབུས་མཐའ་དང་། ཀུན་ལས་བཏུས་དང་། ཉན་ས་ལ་སོགས་པ་ཐམས་ཅད་ཀྱི་གུང་ལེགས་པར་བསྒྲིགས་ཏེ། ཞི་གནས་ཀྱི་བཤད་པ་མཐའ་དག་པར་གསུངས་ཤིང་། སྒོམ་དུ་བཅུག་པས། ཟླ་བ་གཅིག་ཙམ་གྱི་རིང་ལ་མང་པོ་ཞིག་གི་རྒྱུད་ལ་གསུང་རབ་དང་མཐུན་པའི་ཞི་གནས་ཁྱད་པར་ཅན་འཁྲུངས། རེད་མདའ་པས་ཀྱང་རྗེ་འདི་ལ་རྩ་ཤེས་དང་། གསང་འདུས་ཀྱི་འགྲེལ་བ་སྒྲོན་གསལ་རྫོགས་པར་གསན། རྗེ་རྣམ་གཉིས་ཀྱིས་སྔགས་མཚན་ཉིད་ཀྱི་གནད་དུ་མ་ལ་འབེལ་བའི་གཏམ་གྱི་བཀའ་མཆིད་ཤིན་ཏུ་ཞིབ་པར་མཛད་དོ། །

        དེ་ནས་ཆོས་རྗེ་ལོ་ཙྪ་བ་དང་། འབྲི་ཁུང་ཆོས་རྗེ་གཉིས་ཀས་ཞལ་འཛོམ་པར་ཞུ་བའི་ཕོ་ཉ་དང་གསུང་འཕྲིན་ནར་མར་བྱུང་བས། དགུང་ལོ་ཞེ་དྲུག་པའི་ཆུ་རྟ་ལོའི་དཔྱིད་མགོར་རྗེ་འདིས་འབྲི་ཁུང་དུ་བྱོན། ཆོས་མང་དུ་གསུངས། སྤྱན་སྔ་རིན་པོ་ཆེ་ལ་ནཱ་རོ་ཆོས་དྲུག་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་སོགས་གསན། དེ་རྗེས་རྗེ་རེད་མདའ་པ་དང་རྗེ་འདི་གཉིས་ཕྱག་བཏེག ལོ་ཆེན་སྐྱབས་མཆོག་དཔལ་བཟང་དང་གསུམ་ག་ཨར་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་གནམ་རྩེད་ལྡེང་དུ་སྡེ་སྣོད་འཛིན་པ་མང་པོས་ཐོག་དྲངས་པའི་དགེ་འདུན་དྲུག་བརྒྱ་ལྷག་ཙམ་གྱིས་དབྱར་གནས་མཛད། དཔོན་ཡོན་ཏན་རྒྱ་མཚོས་དད་པའི་སྒོ་ནས་ཞབས་ཏོག་རྒྱ་ཆེན་བསྒྲུབས། ཆོས་རྗེ་གསུམ་གས་འདུལ་བའི་ལུགས་དག་ཐེར་མཛད་པར་བཞེད་ནས་སོ་སོ་ནས་འདུལ་བའི་མདོ་རྩའི་བཤད་པ་རྒྱས་པར་མཛད། སྡོམ་ཁྲིམས་དག་པར་བསྲུང་བའི་སྲོལ་བཟང་པོ་ཚུགས། སོ་ཐར་གྱི་ལུགས་གཙང་པར་མཛད་པ་འདི་ནི་རྗེའི་མཛད་ཆེན་བཞིའི་གཅིག་ཡིན་ནམ་སྙམ།

        དེ་ལ་རྣམ་ཐར་ཆེན་མོ་ལས། ཆོས་རྗེ་གསུམ་ཀས་ཀྱང་། བསྟན་པ་རིན་པོ་ཆེའི་དག་ཐེར་རྣམ་པར་དག་པ་ཞིག་མཛད་པར་དགོངས་ཤིང་། དེ་ཡང་ཇི་སྲིད་དུ་རྒྱལ་བའི་ནང་མཛོད་འདུལ་བ་རྫོགས་པར་ཡོང་བ་དེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་ཡོད་ལ། དེ་མེད་ན་མེད་པར་གསུངས་པ་དེ་ཉིད་ཐུགས་ལ་ལྕི་བར་གྱུར་ནས། བསྟན་པ་འབའ་ཞིག་ལ་དགོངས་པའི་ཐུགས་ཀྱིས། འདུལ་བ་མདོ་རྩ་བའི་བཤད་པ་རྒྱས་པ་རེ་གསུངས་ཤིང་། དེའི་དུས་སུ་གཞི་བཅུ་བདུན་ནས་གསུངས་པའི་བཅས་པ་ཕྲ་མོ་ཡན་ཆད། ད་ལྟའི་གང་ཟག་གིས་ཉམས་སུ་བླང་ནུས་ཙམ་རྣམས་དང་། རྣམ་འབྱེད་ནས་འབྱུང་བའི་བཅས་པ་རྣམས་ལས་འདས་པའི་ལྟུང་བ་ཐམས་ཅད་དང་རང་གི་མི་རིགས་ཀྱིས་ཕྱིར་འཆོས་པའི་ཆོ་ག་ཇི་ལྟར་བཤད་པ་བཞིན་གྱི་ཕྱག་ལེན་རྣམ་པར་དག་པའི་སྲོལ་ལེགས་པར་བཙུགས་ཏེ། དེའི་ཚེ་འདུལ་བ་གསན་པ་ཕལ་ཆེ་བས་ཀྱང་རང་རང་གི་རྒྱུད་ལ་བརྟགས་ནས། ལྟུང་བ་ཕྲ་རགས་ཐམས་ཅད་བཤགས་ཡུལ་མང་ཉུང་གི་བྱེ་བྲག་དང་། དངོས་པོ་སྤངས་པའི་ཆད་ལས་སྔོན་དུ་གཏོང་བ་སོགས་ཇི་ལྟར་བཤད་པ་བཞིན་དུ་ཕྱག་ལེན་ལ་བཏབ་ནས་ཕྱིར་བཅོས་མཛད་དེ། ད་ཕྱིན་ཆད་ཕྱག་ཕྱི་ལ་གཉུག་མར་གནས་པ་ཕལ་ཆེ་བས་ཉིན་རེ་ཞིང་། རང་རང་གི་རྒྱུད་ལ་བརྟགས་ནས་ལྟུང་བ་དང་ཡུན་དུ་མི་འགྲོགས་པར་ཕྱིར་འཆོས་པ་དང་། ཡོ་བྱད་བྱིན་བརླབ། རུང་ཁང་གཅོད་པ། ནུབ་ལྷག་ཉལ་བསུང་བ་སོགས་ཀྱི་ཕྱག་ལེན་དག་ལའང་ཆེས་བརྩོན་པར་མཛད་ན། དེ་ཙམ་དུ་བསྒྲུབ་མི་དཀའ་བ་རྣམས་ལ་ནི་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་སངས་རྒྱས་ཀྱི་བསྟན་པའི་རྩ་བ་སོ་སོར་ཐར་བའི་རྨང་རྫོགས་པར་གསོས་པས་བསྟན་པ་ལ་བྱ་བ་མཛད་པ་ཞིག་ལ་འདི་ཡ་མཚན་པ་ཡིན་ནོ། །ཞེས་གསུངས་སོ། ། 

                                                    རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།