རྗེའི་རྣམ་ཐར་ཆེན་མོ་ལས་ཧོར་རྒྱལ་པོའི་བུ་ལ་གནང་བའི་གསུང་ཡིག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-05 20:26:43     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

 

        ཡང་སྐབས་ཤིག་ཧོར་རྒྱལ་པོའི་བུ་ལ་གནང་བའི་གསུང་ཡིག་ནི། །ཨོཾ་སྭ་སྡི། །སྐུ་ནི་གཞན་ཕན་བསམ་པས་མཛེས་ཀྱི་རབ་བཀྲའི་གོས་ཀྱིས་མིན། །སྐད་ནི་ལེགས་བཤད་ཐོས་པས་མཛེས་ཀྱི་གསེར་གྱི་རྒྱན་ཆས་མིན། །ཕྱག་ནི་གཏོང་ལ་འཇུག་པས་མཛེས་ཀྱི་སྒྲ་ལྡན་གདུབ་བུས་མིན། །བསོད་ནམས་བརྒྱ་ཡིས་ལྷག་པར་མཐོ་བའི་མི་དབང་གང་དེ་རྒྱལ། །སྐྱོན་མེད་རིགས་ཀྱི་ཆུ་གཏེར་འཇིངས་ལས་འཁྲུངས། །དགེ་ལེགས་གསེར་གྱི་རི་བོས་ཀུན་ནས་བསྐོར། །ཚད་མེད་ཡོན་ཏན་བརྒྱ་ཡི་དཔལ་འབར་བ། །མི་དབང་ལྷུན་པོ་གླིང་བཞིའི་དབུས་ན་བརྗིད། །ས་བདག་གཞན་ཕན་དགོངས་པ་གངས་རིའི་གོས། །སྙན་ཞིང་རྣར་འབབ་གསུང་གི་ཚ་ཟེར་གྱིས། །ལེགས་པར་བཞུ་བའི་ཆུ་རྒྱུན་གྲགས་པའི་ཚོགས། །སྐྱེ་དགུ་ཀུན་གྱི་རྣ་བའི་རྒྱ་མཚོར་ཞུགས། །དེ་ཚོ་ཁྲིམས་གཉིས་མཁྱེན་པའི་བློ་གྲོས་ཀྱིས། །སྐྱེ་དགུ་བདེ་ལ་འགོད་པའི་ཁུར་འཁྱེར་བ། །ས་སྐྱོང་དེ་ཡི་ལྷག་བསམ་འདི་འདྲ་ཞེས། །ཡ་མཚན་གཏམ་གྱིས་གཏམ་གཞན་གོ་སྐབས་ཕྲོགས། །དགེ་མཚན་རྒྱུ་སྐར་ཕྱེ་བས་བཀྲ་བ་ཡི། །སྐུ་ཡི་ནམ་མཁའ་མི་མཐུན་ཆུ་འཛིན་གྱི། །སྒྲིབ་གཡོགས་བསལ་བྱེད་བསམ་ཀུན་རྫོགས་མཛད་པའི། །ལྷག་པའི་ལྷ་ལ་གསོལ་བ་འདེབས་ཤིང་མཆིས། །མི་དབང་བྱམས་པའི་ཐུགས་ཀྱིས་མངའ་རིས་རྣམས། །ཆོས་བཞིན་སྐྱོང་བའི་ཆབ་སྲིད་གང་ཡིན་ལ། །པད་གཉེན་ལྷ་ཡི་ལམ་ནས་མ་ལྟུང་བ། །དེ་སྲིད་ཡར་ངོའི་ཟླ་བཞིན་འཇུག་གྱུར་ཅིག །ཅེས་པ་འདི་ནི་གོང་མ་ཧོར་རྒྱལ་བུ་མིའི་དབང་པོའི་དྲུང་དུ། བློ་བཟང་གྲགས་པས་ཞུ་བའི་ཞུ་ཡིག་གི་སྐྱེས་ཀྱི་མཚོན་པར་ཕྱག་ཕྱིས་དར་ཁ་དཀར་པོ་ཁ་གང་འབུལ། ཞིབ་ཀྱི་ཞུ་བ་དགེ་བཤེས་བསོད་རྒྱལ་བ་ལ་གསལ། ཟླ་བ་བཅུ་གཉིས་པའི་ཉེར་བདུན་ལ་ཆོས་གྲྭ་ཆེན་པོ་བདེ་བ་ཅན་ནས་ཕུལ། །ཞེས་པའོ། ། 

                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།