རྗེའི་རྣམ་ཐར་ཆེན་མོ་ལས་འཁོར་བ་ལ་ཡིད་སྐྱོ་བའི་གཏམ་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-05 20:07:55     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་ཞེ་ལྔའི་ལྕགས་སྦྲུལ་ལོའི་དཔྱིད་དགའ་བ་གདོང་དུ་བྱོན། སློབ་མ་རྣམས་ལ་བྱང་སའི་ཚུལ་ཁྲིམས་ལེའུ། བླ་མ་ལྔ་བཅུ་པ། །རྩ་ལྟུང་བཅུ་བཞི་རྣམས་ཀྱི་བཤད་པ་ཞིབ་པར་བསྩལ། འདིར་རྣམ་ཐར་ཆེན་མོ་ལས། ཐེག་པ་ཆེན་པོ་བར་ཁས་འཆེ་བ་རྣམས་ཀྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔང་པོར་བྱས་ཏེ་ཁས་བླངས་པའི་སེམས་བསྐྱེད་ཀྱི་བསླབ་བྱ་རྣམས་ལ་ཇི་ལྟར་སློབ་པའི་ཚུལ་མཐའ་དག་པར་ཤེས་ནས་ཚུལ་བཞིན་དུ་སློབ་པ་ཅིག་མ་བྱུང་ན། དེའི་ཐག་པ་ཆེན་པོ་པ་མིང་ཙམ་དུ་འགྱུར་བར་དགོངས་ཤིང་། གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་པར་འདོད་ན་ལམ་ཐུན་མོང་བ་ལ་ལེགས་པར་བློ་སྦྱངས་པའི་སྟེང་དུ། བླ་མ་བསྟེན་ཚུལ་ཐེག་ཆེན་ཐུན་མོང་པའི་སྐབས་སུ་བསྟན་པ་ལས་ཀྱང་ཆེས་ཁྱད་པར་དུ་གྱུར་པ་ཞིག་གི་སྒོ་ནས། དབང་བསྐུར་རྒྱུད་སྡེ་དང་མཐུན་པ་ཞིག་བླ་མ་མཚན་ཉིད་དང་ལྡན་པ་ལས་མནོས་ཏེ། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་མིག་གི་འབྲས་བུ་ལྟར་གཅེས་པར་འཛིན་ཅིང་། ཁྱད་པར་རྩ་ལྟུང་ལ་སྲོག་བསྡོས་བྱས་ནས་ལེགས་པར་སྡོམ་པ་ཅིག་མ་བྱུང་ན། ཁས་བླངས་པའི་དམ་ཚིག་ཡལ་བར་དོར་ནས། སྔགས་ཀྱི་ལམ་ལ་སློབ་པ་སྐད་བྱས་ཀྱང་ངན་འགྲོ་མི་བཟད་པའི་སྒོ་འབྱེད་པར་དགོངས་ནས། ཨེ་མ། ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་བ་ལ་སློབ་པར་ཁས་འཆེ་བ་འདི་དག ཚུལ་འདི་ལྟ་བུས་སྤྱོད་པར་གྱུར་ན་ཅི་མ་རུང་། སྙམ་དུ་སྙིང་ནས་ཤས་མི་བཟོད་པའི་ཐུགས་བརྩེ་བ་ཆེན་པོས་ཀུན་ནས་བསླངས་ཏེ། གདུལ་བྱ་རྣམས་ལའང་ཚུལ་དེ་ཉིད་འདོམས་པར་མཛད། ཅེས་གསུངས།

        དེའི་དུས་སུ་རྗེ་བཙུན་རེད་མདའ་པ་ཆེན་པོའི་ཞལ་སྔ་ནས་མངའ་རིས་ནས་བྱོན། དཔྱིད་ཆོས་ཀྱི་མཇུག་ཏུ་ཞབས་ཕྱི་ཉུང་ཙམ་བཅས་དགའ་བ་གདོང་དུ་ཕེབས། རྗེ་རིན་པོ་ཆེ་དཔོན་སློབ་ཆེས་མང་པོས་སེར་སྦྲེང་སོགས་བཀུར་སྡི་ཆེན་པོས་བསུས། རྗེ་འདིས་ཕྱག་མཛད་པ་ལ་རེད་མདའ་པས་ཀྱང་ཕྱག་ལན་གནང་། དེ་ལ་རྗེས་ཕྱག་མི་གནང་བ་ནན་གྱིས་ཞུས་ནས་ཕྱག་བཟློག རྗེ་འདིས་བླ་མ་རེད་མདའ་པ་ལ་བསྙེན་བཀུར་ཞབས་ཏོག་རྨད་དུ་བྱུང་བ་མཛད་ནས་དཔོན་སློབ་གཉིས་དམ་པའི་ཆོས་ཀྱི་བཀའ་མཆིད་མང་དུ་གསུངས། རྗེས་འཇམ་པའི་དབྱངས་ཀྱི་བསྟོད་པ་རྒྱལ་ཀུན་མཁྱེན་གཏེར་མ་དང་། སྨོན་ལམ་དཔག་པས་བསྐལ་བ་མ་གཉིས་མཛད།

        དེ་ནས་བདེ་བ་ཅན་དུ་བྱོན། འཁོར་བ་ལ་ཡིད་སྐྱོ་བའི་གཏམ་ཞེས་པའི་བསླབ་ཚིག་མཛད། བསླབ་ཚིག་ནི། བསླབ་གསུམ་རྒྱན་དང་ཐོས་པའི་ཕ་རོལ་སོན། །སྟོང་གསུམ་ཁྱབ་པའི་གྲངས་ལྡན་འགྲོ་བའི་མགོན། །སྐུ་གསུམ་མངོན་མཛད་བླ་མའི་ཞབས་པད་ལ། །སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །སྐུ་གཉིས་ཕུལ་བྱུང་ལུས་སྟོབས་རྒྱས་པ་ལ། །བསླབ་གསུམ་རྣམ་དག་གསེར་གྱི་དྲ་བས་གཡོགས། །སྐུ་བཞིའི་མཆེ་བ་རབ་དཀར་ཤིན་ཏུ་བརྟན། །སྐུ་ལྔའི་བདག་ཉིད་ཐུབ་དབང་ལག་ལྡན་རྒྱལ། །དལ་འབྱོར་ཐོབ་ཀྱང་དལ་བའི་སྐབས་མེད་ཅིང་། །བདེ་འགྲོར་སྐྱེས་ཀྱང་བདེ་བར་དབེན་པར་གྱུར། །ཆོས་ལ་མོས་ཀྱང་ཆོས་དོན་རྟོགས་པ་མེད། །བློ་གྲོས་དམན་ཀྱང་བློ་བཟང་ཞེས་བཏགས་པའི། །རྒྱལ་ཁམས་པ་ཁྱོད་རང་གི་བསྐུལ་ཚིག་ལ། །མ་གཡེངས་རྣ་བའི་དབང་ཤེས་ལེགས་གཏད་དེ། །ལུང་དང་རིགས་པས་ལེགས་པར་བརྟགས་བྱས་ནས། །འདིར་སྨྲས་དོན་རྣམས་ཉམས་སུ་བླང་བར་རིགས། །ཁྱོད་ཀྱིས་སྔོན་ཡང་དུག་གསུམ་ལ་སྤྱད་པས། །ཐོག་མ་མེད་ནས་ཐ་མ་ད་ཡི་བར། །མ་རིག་ཁྲོད་འདིར་བགྲང་ལས་འདས་པར་འཁོར། །བཟོད་གླགས་མེད་པའི་སྡུག་བསྔལ་སྣ་ཚོགས་མྱོང་། །ད་དུང་འདི་ལ་སྤྱད་པར་བྱས་ན་ནི། །སླར་ཡང་ངན་སོང་གསུམ་ལས་འགྲོ་ས་མེད། །ཀྱི་ཧུད་ངན་འགྲོའི་སྡུག་བསྔལ་བཟོད་གྱུར་ཏམ། །ཀྱེ་མའོ་དེ་རྒྱུ་དེང་ནས་སྤང་བར་རིགས། །ཞེས་སྨྲས་པ་དང་།

        ཁོ་ན་རེ། འོ་ན་དེར་མི་སྐྱེ་བའི་ཐབས་ཅི་ཡོད། དེ་ཡི་སྡུག་བསྔལ་ཡང་ཅི་ཙམ། སྡུག་བསྔལ་དེ་ཉམས་སུ་མྱོང་བའི་རྒྱུ་ཅི། ཞེས་པའི་ལན་སྨྲས་པ། ངན་འགྲོའི་གནས་སུ་མི་སྐྱེའི་ཐབས་དག་ནི། །བཤད་ཀྱིས་ལེགས་པར་ཉོན་དང་རྒྱལ་ཁམས་པ། །འཕྲལ་ཕུགས་ཀུན་ཏུ་མི་བསླུར་ངེས་གྱུར་པའི། །སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །སེམས་ཅན་འདི་དག་ཐོགས་མ་མེད་ནས་བདག །དྲིན་གྱིས་བསྐྱངས་པའི་མ་མ་དྲིན་ཅན་ཡིན། །དེ་སླད་མ་རྒན་དེ་དག་བྱང་ཆུབ་ལ། །འགོད་པའི་ཕྱིར་དུ་བྱང་ཆུབ་མཆོག་སེམས་བསྐྱེད། །བཀའ་དང་བསྟན་བཅོས་ཇི་སྙེད་གསུངས་དེ་ཡི། །དགོངས་དོན་ཡོངས་འཛིན་བཟང་པོས་བསྟན་དོན་ལ། །དབེན་པའི་གནས་སུ་གྲོགས་མེད་གཅིག་པུ་རུ། །གཡེང་བ་སྤངས་ཏེ་རྩེ་གཅིག་གནས་པར་བྱ། །རྗེས་ཀྱི་སྐབས་སུ་དགེ་དེས་མཚོན་པ་ཡི། །འཁོར་འདས་གཉིས་ཀྱིས་བསྡུས་པའི་དགེ་རྩ་རྣམས། །མཁའ་མཉམ་མ་རྒན་རྣམས་ཀྱི་དོན་དུ་ནི། །འཁོར་གསུམ་དག་པའི་ཐབས་ཤེས་གཉིས་ལྡན་གྱིས། །སྒྲོ་སྐུར་མཚན་མོའི་ཚོགས་རྣམས་སྤངས་བྱས་ནས། །སྟོབས་བཅུ་མངའ་བའི་ས་དེར་བསྔོ་བར་བྱ། །གང་དུ་གནས་ན་དུག་གསུམ་ལ་སོགས་པའི། །ཉོན་མོངས་ཚོགས་རྣམས་ཡར་ངོའི་ཟླ་བཞིན་འཕེལ། །དཀར་ཕྱོགས་ཐོ་རངས་རྒྱུ་སྐར་ལྟར་འགྲིབ་པའི། །གནས་ངན་མྱུར་དུ་སྤོངས་དང་རྒྱལ་ཁམས་པ། །སྣ་ཚོགས་འདམ་སྐྱེས་དཔག་མེད་གཅལ་དུ་བཀྲམ། །རྐང་དྲུག་ལྡན་རྣམས་དགའ་བའི་གླུ་ལེན་ཞིང་། །སྙན་པའི་དར་དིར་སྒྲོག་པར་བྱེད་པ་ཡི། །དབེན་གནས་དམ་པ་སྟེན་དང་རྒྱལ་ཁམས་པ། །ཚིག་ཙམ་ཤེས་ཀྱང་དོན་ལ་བློ་མ་ཕྱོགས། །སྡོམ་བརྩོན་རྣམས་ལ་སྔར་ཞུགས་མནར་སེམས་ཅན། །ཕྱོགས་འཛིན་རླུང་གིས་རྣམ་པར་གཡེངས་གྱུར་པའི། །བླ་མའི་གཟུགས་བརྙན་སྤོངས་དང་རྒྱལ་ཁམས་པ། །ཡིན་ལུགས་ཁོང་དུ་ཆུད་ཅིང་དབང་པོ་དུལ། །མཐོང་བ་ཙམ་གྱིས་གཞན་ཡིད་འཕྲོག་པར་བྱེད། །བསྟེན་པ་ཙམ་གྱིས་དགེ་འཕེལ་སྐྱོན་འགྲིལ་བའི། །བཤེས་གཉེན་དམ་པ་བསྟེན་དང་རྒྱལ་ཁམས་པ། །དམུ་རྒོད་མ་རུངས་དུག་སྦྲུལ་ཁྲོས་འདྲ་ཞིང་། །འགྲོགས་པ་ཙམ་གྱིས་རང་གཞན་ཕུང་བར་བྱེད། །ཐར་བའི་སྲོག་རྩ་གཅོད་པར་བྱེད་པ་ཡི། །གྲོགས་ངན་མྱུར་དུ་སྤོངས་དང་རྒྱལ་ཁམས་པ། །གཞན་ལ་འཚེ་བས་དབེན་པའི་རི་དྭགས་དང་། །ཉན་ཤེས་འཁོར་དུ་བདེ་བ་བསྐྱེད་པའི་སྒྲ། །རྒྱུན་དུ་སྒྲོག་པ་འདབ་བཟང་གཞོན་ནུའི་ཚོགས། །དེ་འདྲའི་གྲོགས་དག་བསྟན་དང་རྒྱལ་ཁམས་པ། །དེ་ལྟར་ཇི་སྐད་བསྟན་བཞིན་བྱེད་གྱུར་ན། །ངན་སོང་གནས་རྣམས་གང་དུའང་མི་སྐྱེ་ཞིང་། །གནས་སྐབས་མངོན་མཐོ་མཐར་ཐུག་ངེས་ལེགས་ཀྱི། །གོ་འཕང་ཐོབ་པར་འགྱུར་རོ་རྒྱལ་ཁམས་པ། །དྲི་བ་དང་པོའི་ལན་རྫོགས་སོ། ། 

                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།