རྗེ་རྣམ་ཐར་ཆེན་མོ་ལས་རྡོ་རྗེ་དཔལ་བ་ལ་བསླབ་ཚིག་གནང་བའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-02 11:30:49     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

 

        ཡང་རྡོ་རྗེ་དཔལ་བ་ལ་གནང་པའི་བསླབ་ཚིག་ནི། ན་མོ་མཉྫུ་གྷོ་ཥ་ཡ། གང་ཞིག་ཞབས་པད་གུས་པས་རབ་བསྟེན་ན། །འདོད་པ་ཐམས་ཅད་བདེ་བླག་སྩོལ་མཛད་པ། །འདྲེན་མཆོག་བླ་མའི་ཞབས་ལ་ཕྱག་བྱས་ཏེ། །མདོར་བསྡུས་སྨྲ་བ་འདི་ནི་ཉན་པར་གྱིས། །བཟང་པོས་ལས་མང་དག་གིས་ལེགས་བསྒྲུབས་པའི། །དལ་བའི་རྟེན་བཟང་འདི་འདྲ་རྙེད་པའི་ཚེ། །ཉིན་མཚན་ཀུན་ཏུ་དགེ་ལ་མ་འབད་ན། །དེ་ལས་བསླུས་པར་གྱུར་པ་གཞན་གང་ཡོད། །དེང་བྱ་སང་བྱའི་ལེ་ལོས་གཡེངས་གྱུར་ན། །དོན་མ་གྲུབ་པར་སྟོབས་ཆེན་འཆི་བདག་གིས། །འཇིག་རྟེན་ཕ་རོལ་གནས་སུ་ཁྲིད་གྱུར་ན། །དེ་ཚེ་མྱ་ངན་གྱུར་ཀྱང་ཅི་བྱར་ཡོད། །དེ་ཕྱིར་མྱུར་དུ་འཆི་བའི་ཚུལ་བསམ་ཞིང་། །ཤི་ནས་ལུས་ཀྱི་རྗེས་སུ་གྲིབ་མ་བཞིན། །ལས་གཉིས་འབྲང་པ་ཡང་དང་ཡང་བསམས་ནས། །སྡིག་སྦྱང་དགེ་བ་བསག་ལ་གུས་པར་བྱ། །སྐྱེ་དགུ་འཇིགས་རུང་འཁོར་བའི་གཡང་ས་རུ། །གྲོགས་མེད་གཅིག་པུར་ཀུན་ཏུ་འཁྱམས་པ་ན། །དཀོན་མཆོག་གསུམ་དང་འདྲ་བའི་སྐྱབས་གཞན་མེད། །དེ་ཕྱིར་བསམ་པ་ཐག་པས་སྐྱབས་སུ་སོང་། །སེམས་ཅན་འདི་རྣམས་བདག་གི་གཉེན་ཡིན་ཏེ། །ཡུན་རིང་དུས་ནས་ཕན་པ་དཔག་མེད་བྱས། །འདི་དག་སྡུག་བསྔལ་རྒྱ་མཚོར་ལྷུང་བ་ལ། །རྣམ་པ་ཀུན་ཏུ་བརྩེ་བར་བྱ་བར་རིགས། །དེ་དག་ཐར་བའི་ལམ་ལ་འགོད་པའི་ཕྱིར། །རྒྱལ་བའི་གོ་འཕང་འདོད་པའི་སེམས་བསྐྱེད་ནས། །སྣ་ཚོགས་སྒོ་ནས་དགེ་པ་བསག་བྱ་སྟེ། །ཕྱོགས་རེ་ཙམ་གྱིས་ཚིམ་པར་བྱ་བ་མིན། །མདོར་ན་གང་ཞིག་ཁས་བླངས་སྡོམ་པ་རྣམས། །ཡོངས་སུ་དག་པར་བྱ་བ་གཞིར་བཟུང་ནས། །རང་གི་སྟོབས་དང་འཚམ་པར་ཉན་པ་དང་། །སེམས་དང་སྒོམ་པའི་ཚུལ་ལ་འབད་པར་མཛོད། །མི་འདོད་སྡུག་བསྔལ་དུ་མའི་རྒྱུར་གྱུར་པ། །སྒོ་གསུམ་ཉེས་སྤྱོད་གསར་དུ་འཇུག་པ་ནི། །སྡོམ་པས་བཀག་སྟེ་སྔོན་གྱི་ཉེས་སྤྱོད་རྣམས། །སྟོབས་བཞིའི་འབད་པས་རྟག་ཏུ་སྦྱང་བར་བྱ། །

         ཞེས་པ་འདི་ནི་འགྲོ་མགོན་རྡོ་རྗེ་དཔལ་གྱིས་ཉེ་བར་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ལྕང་རིང་ཐང་དུ་སྦྱར་བའོ། །ཞེས་པའོ། །གསུང་འདི་གཉིས་ཀྱང་འོལ་ཚོད་ཀྱིས་འདིར་བྲིས་སོ། ། 

                                                               རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།