རྗེའི་རྣམ་ཐར་ཆེན་མོ་ལས་ཚ་ཁོ་དཔོན་པོ་ལ་ལམ་གཙོ་རྣམ་གསུམ་གནང་བའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-02 11:24:02     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་ཞེ་བཞི་བའི་ལྕགས་འབྲུག་ལོའི་དཔྱིད་ཆོ་འཕྲུལ་དུས་ཆེན་གྱི་མཆོད་པ་ལ་དགོངས་ནས་རྫིང་ཕྱིའི་བྱམས་མགོན་གྱི་མདུན་དུ་མཆོད་པ་རྒྱ་ཆེན་པོ་མཛེས་ཤིང་ཡིད་འཕྲོག་པ་ཞག་བཅོ་ལྔའི་རིང་རྒྱུན་མ་ཆད་པར་བཤམས་ནས། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ་ཚོགས་ཞིང་ཐམས་ཅད་མཉེས་པར་བྱེད་པའི་ཆོ་ག་དང་། བསྟན་འགྲོའི་དོན་འབའ་ཞིག་ལ་དམིགས་ཏེ་འཕྲལ་དང་ཡུན་དུ་ཕན་བདེ་རྒྱས་པའི་སྨོན་ལམ་རླབས་ཆེ་བ་མཛད། འདི་དག་གི་སྐབས་སུ་ཚོགས་ཞིང་རིགས་ལྔའི་རྣམ་པ་ཅན་ནམ་མཁའ་གང་བ་བཞུགས་ནས་མཆོད་པས་དགྱེས་པར་མཛད་པ་སོགས་ནི་སྔར་རྒྱ་སོག་ཕུའི་སྨོན་ལམ་དང་འདྲ་ཞིང་། གཟིགས་སྣང་དེ་དག་ཞག་ཉི་ཤུའི་བར་ཉིན་མཚན་ཐམས་ཅད་དུ་བཞུགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་སེམས་ཅན་དཔག་ཏུ་མེད་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་འདྲེན་པར་ངེས་ཞེས་གསུང་ངོ་། །

        ཡང་དཔྱིད་དེར་དཀའ་བཅུ་པ་དར་མ་རིན་ཆེན་གྱིས་གཙོ་མཛད་སྡེ་སྣོད་འཛིན་པ་ཉིས་བརྒྱ་ལྷག་ཙམ་ལ་ཆོས་མང་དུ་གསུངས། དེ་ནས་ཉང་པོ་ཕྱོགས་ཀྱི་འགྲོ་བ་ཐམས་ཅད་ཀྱིས་དད་པ་ཆེན་པོས་ཞུས་པ་ལ་བརྟེན་ནས་ཕྱོགས་དེར་བྱོན། ལམ་དུ་ཀླུང་འགྲམ་འཕྲང་ཞིག་ལ་ཕེབས་པ་ན་རྗེའི་དབུ་ཞྭ་ཆུར་ལྷུང་། དེ་ལ་རྗེས་ཆུ་ཀླུང་འདིའི་ཉེ་འཁོར་དུ་ངའི་བསྟན་པ་ཆུ་རྒྱུན་ལྟ་བུ་འོང་། ཞྭ་གང་དུ་ཆགས་པའི་གནས་དེར་དབུ་མའི་འཆད་ཉན་བྱེད་པའི་འདུས་སྡེ་ཆགས་པ་འོང་ཞེས་ལུང་བསྟན། ཞབས་ཕྱི་རྣམས་ཀྱིས་དབུ་ཞྭའི་རྗེས་སུ་སོང་པས་ཉང་པོ་སང་སང་གི་སྒང་ཞེས་པའི་ས་ཆར་དབུ་ཞྭ་ཆགས་འདུག ཕྱིས་སྒང་དེར་ཐེག་ཆེན་ཆོས་འཁོར་གླིང་ཞེས་པའི་འདུས་སྡེ་ཆགས་པ་ནི་དེང་སང་གི་བར་དར་བཞིན་ཡོད།

        དེ་ནས་ཉང་པོ་མདང་མདོའི་དགོན་པར་ཕེབས། དབྱར་བཞུགས་མཛད། ཉང་པོ་ཕྱུགས་ཀྱི་དགེ་འདུན་རྣམས་ལ་ཆོས་མང་དུ་གསུངས། སྐྱེ་བོ་རྣམས་ལ་སྐྱབས་འགྲོ་དང་བསྙེན་གནས་ཀྱི་སྡོམ་པ་སོགས་བསྩལ་ནས་ཕན་པ་རྒྱ་ཆེན་པོ་མཛད་དོ། ། ཡང་ཚ་ཁོ་དཔོན་པོ་ལ་ལམ་གྱི་གཙོ་བོ་རྣམ་གསུམ་བཀའ་རྩོམ་དུ་གནང་བ་ནི།

        རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་། །དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །སྐལ་ལྡན་དེ་དག་དད་པའི་ཡིད་ཀྱིས་ཉོན། །རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ལས་འབྲས་མི་སླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམས་ན་ཕྱི་མའི་སྣང་ཤས་ལྡོག །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས། །བདག་འཛིན་ལྕགས་ཀྱི་ར་བའི་སྦུབས་སུ་ཚུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདིར་འདྲར་གྱུར་པའི་མ་རྣམས་ཀྱི། །རང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད། །གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་བཅད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་གཅིག་ཆར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆད་པའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ། ཅེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ལ་གདམས་པའོ། །ཞེས་པའོ། ། 

                                                                                                    རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས།
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།