རྗེའི་རྣམ་ཐར་ཆེན་མོ་ལས་མི་དབང་གྲགས་རྒྱན་པ་ལ་གསུང་འཕྲིན་གནང་བའི་སྐབས་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-02 10:55:05     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        མདོར་ན་ལས་འབྲས་མི་སླུ་བ་ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན་པས། དྲན་པ་ཉེར་གཞག ལས་བརྒྱ་པ། རྟོགས་བརྗོད་བརྒྱད་པ། མཛངས་བླུན། ལུང་གི་རྒྱུད་གླེང་རྣམས་དང་། གཞན་ཡང་མདོ་དང་བསྟན་བཅོས་མང་དུ་བལྟས་ནས་ལས་འབྲས་ལ་ངེས་པ་ཅི་བརྟན་བྱས་ཏེ། ངན་པའི་ལས་སྔར་བསགས་པ་རྣམས་སྟོབས་བཞིས་འདག་ངེས་སུ་སྦྱོར་བ་དང་། གསར་དུ་འཇུག་པའི་སྒོ་རྣམས་འཕྲོ་ཆོད་ངེས་སུ་སྡོམ་པ་དང་། བཟང་པོའི་ལས་སྔར་བྱས་རྣམས་སྨོན་ལམ་རླབས་པོ་ཆེས་རྒྱ་ཆེར་སྤེལ་བ་དང་། སྔར་མ་སྐྱེས་པ་རྣམས་ཕྱོགས་རེ་ཙམ་གྱིས་ཆོག་ཤེས་མི་བྱ་བར་སྒོ་སྣ་ཚོགས་ནས་བསྐྱེད་དགོས་པ་ཡིན། དེ་དག་ཅི་འདྲ་ཞིག་བྱེད་ཀྱང་དངོས་སམ་ཆ་འཐུན་ཙམ་ཡིན་ཀྱང་བླའི། བྱང་ཆུབ་ཀྱི་སེམས་ཅིག་གིས་ཟིན་པར་བྱས་ནས་བྱེད་པ་གནད་དུ་ཆེ་བ་ལགས།

        རྒྱལ་བས་མདོ་རྒྱུད་དུ་མར་བསྔགས་པའི་སྟོང་བ་ཉིད་ཀྱི་ལྟ་བ་ནི་མཚན་མར་འཛིན་པའི་དམིགས་གཏད་ཐམས་ཅད་འཇིག་པས། ཡོད་པ་དང་མེད་པའི་མཐའ་སྤོང་ལ། ལས་དང་འབྲས་བུ་ལ་ངེས་པ་གཏིང་ནས་རྙེད་པའི་གྲོགས་བྱས་ནས། དགེ་མི་དགེ་ཕྲ་མོ་ནས་འདོར་ལེན་བྱེད་པས་ཡོད་པ་དང་ཆད་པའི་མཐའ་སྤོང་བ་ཅིག་ཡིན་ན། སེམས་ཅན་ཕལ་ཆེར་ཡང་ན་ནི་སྟོང་པ་གཤིས་ལ་གྲུབ་པའི་རྟག་པ་དང་། ཡང་ན་ནི་ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་འཇོག་པའི་ཆད་པར་འཛིན་པ་གཅིག་འོང་བས་ཤིན་ཏུ་རྟོགས་པར་དཀའ་ཞིང་། རྟོགས་ནའང་སྟོན་པའི་སྣོད་དུ་གྱུར་པ་ཤིན་ཏུ་ཉུང་། དེ་བས་ན་གནས་འདི་ལ་མོས་ན་ནི། དེ་རྟོགས་པའི་རྒྱུ་བསགས་སྦྱང་དང་། སྨོན་ལམ་མང་དུ་བྱ་ཞིང་དེ་ལ་མཁས་པའི་བཤེས་གཉེན་བསྟེན་པ་དང་། དེའི་གཞུང་ལ་འདྲིས་པར་བྱ་ཞིང་། ཅུང་ཟད་ཙམ་ལ་ཆོག་ཚོད་མ་གཟུང་བར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ཞིབ་པར་བྱས་ཏེ་འཚོལ་དགོས་པ་ཡིན།

        དེ་ལྟར་ན་བཤད་མ་ཐག་པ་རྣམས་ཀྱི་དོན་སྒོམ་པ་དང་འཆད་ཉན་སྤེལ་མར་མཛད་ན་གོ་བའི་ངེས་པ་ཆེར་འགྲོ་བ་དང་། ཉོན་མོངས་ཀྱི་གཉེན་པོར་འགྲོ་བ་གཉིས་ཀ་འོང་བ་ལགས་པས་དེ་བཞིན་དུ་བགྱིད་པར་ཞུ། གཅིག་ཏུ་བདེ་གཤེགས་བསྟན་ལ་གུས། །རྣམ་དཔྱོད་ནུས་པ་མི་དམན་ཞིང་། །སྐྱེས་བུ་ཆེན་པོའི་རྗེས་སུ་སློབ། །བློ་ལྡན་ངག་དབང་གྲགས་པ་ཁྱོད། །ཁོ་བོས་སྨྲས་པའི་རྗེས་སུ་ཞུགས་ཤིག་དང་། །ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན། །མཚུངས་པར་སྤྱད་དེ་ནམ་ཞིག་སངས་རྒྱས་ཚེ། །བདུད་རྩི་བགོ་བཤའ་ཐོག་མར་སྦྱིན་པར་བྱ། །ཅེས་པ་འདི་ནི་ཡང་དག་བའི་དགེ་བའི་བཤེས་གཉེན་ཚ་ཁོ་པ་མཁན་ཆེན་ངག་དབང་གྲགས་པས། ཤར་རྒྱལ་མོ་རོང་དུ་སྔོན་མེད་པའི་རབ་ཏུ་བྱུང་བའི་སྡེ་ཁྱད་པར་ཅན་བཙུགས་ནས་འཕྲིན་ཡིག་སྤྲིངས་བྱུང་བའི་ལན་དུ་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། དབྱེའི་ས་ཕྱོགས་དབེན་གནས་ཏེ་རུར་ནས་སྤྲིངས་པ་དགེ་ལེགས་སུ་གྱུར་ཅིག་ཅེས་པའོ། ། 

                                                        རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།